ཁ་ལོ་བའི་ལག་ཁྱེར་བཟོ་བ་ནི་ཅི་ཞིག་རེད།

ཁ་ལོ་བའི་ལག་ཁྱེར་དེས་རླངས་འཁོར་ཁ་ལོ་བྱེད་པའི་ལག་རྩལ་ཡོད་མེད་ཀྱི་ཕྱོགས་སུ་གསལ་སྟོན་ཇི་ཞིག་བྱེད་པ་རེད། འོན་ཀྱང་། ངས་འཕྲུལ་རྟ་གཏོང་སྐབས་རྒྱ་གར་ཉེན་རྟོགས་པའི་ཞིབ་བཤེར་འོག ཧིན་སྒོར་ཁ་ཤས་ཀྱི་ཆད་པར་སྐྲག་ནས་ཉེ་ལམ་འཕྲུལ་རྟའི་རིགས་སྐོར་ཆོག་པའི་ལག་ཁྱེར་མི་བཟོ་ག་མེད་བྱུང་སོང་།

རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་ཡི་ངྷ་རམ་ས་ལར་བརྟེན་གཞི་བྱས་ཡོད་པའི་ཀ་ཅ་རིལ་ཁྲིམས་ཁང་གི་གཡས་གཡོན་ནི། ལག་ཁྱེར་སྣ་ཚོགས་བཟོ་སའི་ལྟེ་གནས་ཤིག་རེད། ལག་ཁྱེར་སྣ་ཚོགས་བཟོ་དུས་ལྐོག་དངུལ་སྤྲད་ནས་བཟོ་མི་ཁ་ཤས་ཀྱིས་སྲང་ལམ་དེའི་གཡས་གཡོན་གྱི་མི་དག་གི་རྣམ་འགྱུར་ལ་བལྟས་ནས་ཡར་འགྲོ་མར་འགྲོ་བྱེད་ཀྱིན་འདུག

ལག་ཁྱེར་བཟོ་མགོ་རྩོམ་པའི་ཉིན་དེར། གྲོགས་པོ་རྣམས་ཀྱི་ཇ་ཁ་དང་ཆང་ཁ་ནས་གོ་བའི་གཏམ་བན་བུན་ལྟར། ཐོག་མར་བཙན་བྱོལ་བདེ་སྲུང་ལས་ཁུངས་ཀྱི་རྒྱབ་གཉེར་ལེན་ཏུ་སོང་བ་དང་། སྐབས་དེར་ང་རང་ལ་རྒྱབ་གཉེར་ལེན་པར་ཚང་དགོས་པའི་ཆ་རྐྱེན་ནི། RCགནས་སྡོད་ལག་ཁྱེར་དང་རང་བཙན་ལག་དེབ། དེ་མིན་ཁོར་ཡུག་དེབ་གསུམ་དགོས་ཀྱིན་འདུག ང་ལ་ཁོར་ཡུག་ལག་དེབ་མེད་པས། གསར་འགོད་པའི་ལག་ཁྱེར་གྱིས་འཐུས་པར་བྱས་པས་རྒྱབ་གཉེར་གྱི་དཀའ་ངལ་ཅི་ཡང་ཕྲད་མ་སོང་།

ཉིན་གཉིས་པར་ཀ་ཅ་རིལ་གྱི་ཁ་ལོ་བའི་ལག་འཁྱེར་བཟོ་སའི་ལས་ཁུངས་སུ་སོང་སྟེ། བརྒྱུད་རིམ་གསར་བ་འདིར་ལས་མགོ་བཙུགས་པ་ཡིན། རྒྱ་གར་སྐད་ཆལ་ཆོལ་དང་དབྱིན་སྐད་ཀྱག་ཀྱོག་གཉིས་བསྲེས་སྦྱོར་གྱིས་སྦྲག་སྐད་བཤད་ཞོར། ཐོ་ཤོག་ཉོ་སའི་སྒེའུ་ཁུང་དུ་སྦྲག་སྐད་བཤད་པ་ཡིན། སྐབས་དེར་བཙོང་མི་དེས་ཁྱོད་ལ་learners’s license གྱི་ཐོ་ཤོག་དང་Regular license སྟེ། མཐའ་མའི་ལག་ཁྱེར་གྱི་ཐོ་ཤོག་གཉིས་ཀྱི་གང་དགོས་སྐོར་ནས་སྐད་ཆ་དྲིས་སོང་།

འདི་འདྲའི་རིགས་སུ་ཉམས་མྱོང་མེད་ལ་འཁྲིས་སུ་སྐད་ཆ་འདྲི་ས་ཅི་ཡང་བྱུང་མ་སོང་བས། སྐབས་དེར་རང་སེམས་སུ་སྟོང་འདང་ཞིག་རྒྱབ་སྟེ། ངས་འཕྲུལ་རྟ་སྦྱང་དགོས་དོན་མེད་པ་དང་གཙོ་བོ་ལག་ཁྱེར་དགོས་པ་རེད་བསམ་ནས། མཐའ་མའི་ཐོ་ཤོག་རྒྱང་ན་ད་གཟོད་ཐད་ཀར་ཡིག་ཚད་གཏོང་ཆོག་པར་བསམ་སྟེ་ཧིན་སྒོར་བཅུ་སྤྲད་ནས་ཐོ་ཤོག་དེ་ཉོས་པ་ཡིན།

སྐབས་དེར་ངས་ཐོ་ཤོག་དེ་རྒྱངས་པར་མགོ་བརྩམས་སྐབས་སུ། ངའི་འཁྲིས་སུ་རྒྱ་གར་ན་གཞོན་ཞིག་གིས་ཀྱང་རྒྱང་གིན་འདུག དེ་ནས་ངས་ཁོས་ཇི་ལྟར་རྒྱང་པ་ལྟར་ཁ་བསྐངས་པ་ཡིན། ང་གཉིས་ཀྱིས་སྐད་ཆ་བཤད་སྟངས་ཤིག་གིས་learners’s license ཐོ་ཤོག་སྔོན་དུ་མ་སོང་ན་མཐའ་མའི་ཐོ་ཤོག་ཁ་བསྐངས་སྲོལ་མེད་ལུགས་ཀྱི་གསལ་ཁ་ཕྱེ་སོང་།

ཅུང་ཙམ་ནས་ཡང་བསྐྱར་ཐོ་ཤོག་གཞན་དེ་ཉོས་པ་དང་། གོ་ཐོས་ལྟར་དེའི་སྒངས་ལ་ཚང་དགོས་པ་ཞིག་ནི་སྨན་ཁང་གི་རྟག་དཔྱད་ཅིག་དགོས་པར་དེ་རེད། དེ་ནས་ལམ་སང་ཛོ་ནོལ་Zonal Hospital སྨན་ཁང་དུ་སོང་སྟེ་སྣེ་ལེན་མཁན་རྒྱ་གར་ཨ་ཅག་དེར་ཐོ་ཤོག་སྟེང་ཏུ་ངའི་མིང་གི་དག་ཆ་དབྱིན་ཡིག་ཐོག་ཇི་ལྟར་བྲིས་པ་བཞིན་བསྟན་ནས་སྨན་ཁང་གི་འགྲོ་ལུགས་བཞིན་དུ་ཐོ་འགོད་འཛིན་ཤོག་ཅིག་བླངས་པ་ཡིན། འདི་ནི་སྨན་ཁང་ཆེ་ཁག་ཐམས་ཅད་ཀྱི་འགྲོ་སྟངས་ཤིག་རེད།

ཐོ་ཤོག་དེའི་སྒང་དུ་ཁང་མི་ཁག་གསུམ་གྱི་སྒོ་རྟགས་ཨང་གྲངས་རྒྱབ་འདུག་པ་ལྟར་འགུལ་བསྐྱོད་བྱས་པ་ཡིན། དེ་དག་ལས་ཆེས་ཞིབ་ཕྲའི་ངང་རྟགས་དཔྱད་བྱེད་མཁན་ནི་མིག་གི་སྨན་པ་རེད། དེ་མིན་གཞན་གཉིས་ཀྱིས་ཕྱི་བལྟས་ཤིག་དང་ཁྲག་རིགས་གང་ཡིན་པར་སྐད་ཆ་ཙམ་དྲིས་ནས་ས་ཡིག་རྒྱབ་སོང་། དེ་དག་ཚར་རྗེས་སྨན་པ་ཆེན་པོ་ནད་པ་སྟོན་མཁན་གྱི་བང་རིམ་རིང་པོ་སྒྲིག་པ་ཞིག་ཏུ་འགྲོ་དགོས་པ་དང་། སྨན་པ་དེའི་ཐོ་གཞུང་ནང་གི་ཁ་བསྐངས་མང་པོ་ཞིག་ལ་རྟགས་རྒྱབ་པ་གྲུབ་མཚམས་ས་ཡིག་ཅིག་རྒྱབ་སོང་། དེའི་རྗེས་ཕྱིར་ཐོག་མའི་ཐོ་ཤོག་ལེན་སའི་རྒྱ་གར་ཨ་ཅག་དེར་ཐམ་ཀ་གཉིས་རྒྱག་ཏུ་བཅུག་པ་ཡིན། འདི་ནི་སྨན་ཁང་རྟགས་དཔྱད་ཀྱི་ཆེས་མཐའ་མའི་ས་ཡིག་དེ་རེད།

སྨན་ཁང་འདིའི་སྒོ་ཆེན་གྱི་ཉེ་བའི་མཚམས་སུ་ཉེན་རྟོགས་ཁང་ཞིག་ཡོད་པ་དེར་ཐམ་ཀ་ཆེན་པོ་ཞིག་དང་ས་ཡིག་ཅིག་རྒྱབ་དགོས་པ་ལྟར་འགྲོ་ལུགས་སྒྲུབ་པ་ཡིན། འདི་ལྟར་ལས་ཀ་འདི་དག་སྒྲུབ་པ་ཡིན་ན། ད་གཟོད་ལག་ཁྱེར་བཟོ་བའི་ལས་ཁུངས་ཀྱི་ཨང་གྲངས་ལྔ་བ་དེར་སོང་ནས་ཐོ་འགོད་བྱས་ཆོག་གི་འདུག

སྐབས་འདིར་གཏམ་རྒྱུད་ཆུང་ཆུང་ཞིག་བྱུང་སོང་། ངས་འཕྲུལ་རྟ་ཉེན་རྟོགས་ཁང་ལ་མ་ཐོན་པའི་གོང་གི་ཁོལ་ཡངས་ཤིག་ཏུ་བཞག་ཡོད། ངས་ཉེན་རྟོགས་ལས་ཁུངས་ཀྱི་བྱ་བ་འགྲུབ་རྗེས་ཕྱིར་སོང་ནས་འཕྲུལ་རྟ་མར་བཏང་ནས་ཡོང་བ་ཡིན། སྐབས་དེར་འཕྲུལ་རྟ་མང་པོ་བཀག་འདུག ང་ཡང་བཀག་སོང་། ངས་འཕྲུལ་རྟའི་ཡིག་ཆ་དང་ལམ་གླའི་ཡིག་ཆ། དེ་མིན་ཁ་ལོ་བའི་ལག་ཁྱེར་བཟོ་བཞིན་པའི་ཐོ་ཤོག་སྟེང་ཁོ་ཚོའི་འགྲམ་གྱི་ཉེན་རྟོགས་ཁང་དུ་ཐམ་ཀ་དང་ས་ཡིག་བཅས་རག་ཡོད་པ་དེ་ཁོ་ཚོར་བསྟན་དུས། དེ་ནི་འགྲིག་མི་འདུག་པའི་རྙོག་དྲ་བཟོ་ཞོར་སྐར་མ་གཅིག་རྟགས་ཅན་གྱི་ཉེན་དཔོན་དེའི་ཐོ་ཤོག་ལས་ཉེས་ཆད་གཅོད་པའི་འཛིན་ཤོག་ཅིག་སྤྲད་དེ་ཁོ་ཚོའི་ཁ་གཏད་དུ་ཡོད་པའི་ཀ་ཅིལ་རིལ་གྱི་ཁྲིམས་ཁང་ཆེ་ཤོས་དེར་ཉེན་རྟོགས་པ་ཞིག་གིས་ལམ་སྣ་དྲངས་སོང་བ་དང་། ཁྲིམས་ཁང་དུ་ངའི་ས་ཡིག་དང་ཁོང་ཚོའི་ཐམ་ཀ་རྒྱབ་ནས་ཧིན་སྒོར་བརྒྱའི་ཆད་པ་རྒྱབ་སོང་། ཁོས་ཚོས་བཤད་པ་ལྟར་ན། གལ་སྲིད་ལག་ཁྱེར་གྱི་ཐོ་ཤོག་དེ་བརྒྱངས་མེད་པ་ཡིན་ན། ང་ལ་ཧིན་སྒོར་ཆིག་སྟོང་ལྷག་གི་ཆད་པ་འབབ་པར་འགྲེལ་བརྗོད་བྱས་སོང་།

ཉིན་གཅིག་དེ་ལྟར་རྫོགས་ཏེ་ས་རུབ་སོང་། ཡང་བསྐྱར་ཉི་མ་གཅིག་གི་ཆུ་ཚོད་བེད་སྤྱད་དེ་ཐོ་ཤོག་ནང་གི་ཆ་རྐྱེན་ཅི་ཡོད་ཚང་བར་བྱས་ཤིང་། གློག་ཀླད་ནང་དུ་ཐོ་མཇུག་གི་བརྒྱུད་རིམ་རྫོགས་པ་དང་མཉམ་དུ་ཧིན་སྒོར་༤༧༠ སྤྲད་རྗེས་བརྙན་མིག་གིས་ཕྱེད་པར་བཏབ་པ། གློག་ཀླད་ནང་དུ་ས་ཡིག་རྒྱག་སྤྱད་ཀྱི་འཕྲུལ་ཆས་ཏེ་བཀོལ་སྤྱོད་བྱས་པ་བཅས་ཀྱི་རྗེས།

སྐབས་འདིར་ཐོ་འགོད་བྱེད་སའི་ཨང་༥པ་སྟེ། Driving license སྒེའུ་ཁུང་ནས་ཕར་བལྟས་ན། རྒད་པོ་སྒུག་འབུར་ཞིག་ཡོད། དེ་ནི་མི་མ་རབས་ཐལ་ནག་ཞིག་ཡིན། ཁོའི་ཁམས་དྭངས་དང་མ་དྭངས་བའི་བར་ནས་ལས་ཀ་རྒྱང་སྲིང་བ་དང་། ཡང་ན་ངོ་ཤེས་ངོ་མེད་ཀྱི་ལས་ཀ་ཁེ་མཚར་ཞིག་སྙིང་ཁར་ཁབ་ཀྱིས་གཙེགས་པ་དང་ཀུན་ནས་མཚུངས། ཐོ་ཤོག་དེ་ཁུར་ནས་ལས་ཁུངས་དེའི་ཁ་གཏད་ཀྱི་གཡོན་གྱི་གཞུང་ལམ་བརྒྱུད་དེ། ཕྱི་བསྐྱོད་ལག་ཁྱེར་བཟོ་ས་དང་ཕྱི་མི་ཡུལ་སྐོར་བའི་ཕྱི་བསྐྱོད་ལག་ཁྱེར་ལ་གསོན་ཤུགས་སྤྲོད་སའི་ཁང་བརྩེགས་དེའི་གཅིག་ཐོག་གི་ཁང་མིག་༡༡༤ནང་དུ་སྤྲད་དེ་གློག་ཀླད་དུ་ངའི་ཐོ་ཤོག་སྟེང་གི་དངོས་མིང་དང་ཕ་མིང་བཅུག་སོང་།

ཁང་མིག་དེའི་གཡོན་ཕྱོགས་ཀྱི་ཁང་མིག་༡༡༧ནང་དུ་སྤྲད་ན། ད་གཟོད་ཁྱོད་ལ་གློག་ཀླད་ནང་གི་ཁ་ལོ་བ་ཞིག་གིས་ཤེས་དགོས་པའི་ཁྲིམས་ལུགས་དག་ཡིག་ཚད་གཏོང་ས་རེད། སྐབས་དེར་ང་ལ་སྐད་བཏང་སོང་། གློག་ཀླད་ནང་གི་ཡིག་ཚད་ནི་གདམས་ཀ་རྐྱང་རྐྱང་གི་དྲི་བ་བཅུ་འདུག གདམས་ཀ་དེ་དག་ནང་ནས་དྲུག་ངེས་པར་དུ་ཤེས་དགོས་པ་དང། གདམས་ཀ་རེར་སྐར་ཆ་བཅུ་རེའི་ནང་དུ་ལན་རྒྱག་མ་ཐུབ་ན་རྩིས་མེད་རེད།

ཡིན་ཡང་གདམས་ཀ་ཁ་ཤས་ཀྱི་ཁ་བྱང་རི་མོའི་དབྱིབས་ཀྱིས་དོན་དག་ཡི་གེ་སྟེང་དུ་བྲིས་འདུག་པ་དང་། འོན་ཀྱང་ཆེས་དཀའ་ཤོས་དེ་ནི་གདམས་ཀ་ཁ་ཤས་ཤིག་གི་ཁ་བྱང་ཚིག་གྲུབ་ཏུ་བཟོས་ཡོད་པས་ན། དབྱིན་ཇིའི་གོ་བ་ལེན་སྟངས་སུ་བྱང་ཆ་མེད་དུས་སྐར་ཆ་བཅུའི་གོམ་འགྲོས་ཧ་ཅང་མགྱོགས་པས་རྩིས་མེད་དུ་ཤོར་འགྲོ་ཡི་འདུག དེ་བཞིན་དུ་ངས་ཡིག་ཚད་ལོན་མེད་པས་སང་ཉིན་ཡང་བསྐྱར་ཤོག་ལབ་སོང་། འཁྲིས་ཀྱི་རྒྱ་གར་ཞིག་ལ་སྐད་ཆ་དྲིས་པས་ཟླ་བ་གཅིག་གི་རིང་ལ་ཡིག་ཚད་བཏང་ཆོག་པ་དང་དེའི་རྗེས་ནས་ཐོ་ཤོག་རྩིས་མེད་ཆགས་པའི་ཉེན་ཁ་ཡོད་པ་ཞིག་བཤད་སོང་།

གློག་ཀླད་ཡིག་ཚད་ལོང་སྟེ་བདུན་ཕྲག་གཅིག་གི་རིང་ལ་སྒུག་དགོས་པ་དང། སོའི་ཁ་པར་ནང་དུ་ཡང་ཁྱོད་ཀྱི་learners ལེགས་འགྲུབ་བྱུང་ཡོད་པའི་འཕྲིན་ཐུང་ཐོན་གྱི་འདུག

ཏག་ཏག་བདུན་ཕྲག་གཅིག་གི་རྗེས་ནས་learners’S license ཡི་ཤོག་ལེབ་དེ་ལེན་སྐབས་སུ། ཟླ་གཅིག་གི་རྗེས་ནས་སྦག་སྦག་ཡིག་ཚད་གཏོང་བའི་ཐོ་ཤོག་བརྒྱང་གི་ཡོང་དགོས་པར་ལབ་པ་བཞིན། ཟླ་གཅིག་དང་ཉིན་ཁ་ཤོས་རྗེས་སུ་Regular license ཐོ་ཤོག་འདི་བརྒྱང་གི་འགྲོ་དགོས་ཀྱིན་འདུག འདི་ཚར་བརྒྱབ་སྦག་སྦག་ཡིག་ཚད་ནམ་ཞིག་གཏོང་དགོས་པའི་ཉིན་མ་བཤད་པ་བཞིན་ས་དེར་འགྲོ་བཞག་ན། དེ་རུ་སྦག་སྦག་གིས་ཨང་ཀི་བརྒྱད་ཀྱི་རྣམ་པ་ཅན་ཞིག་བྲིས་བཞག་པ་ཡིན་ན། ད་གཟོད་ཁྱོད་ཐོ་ཤོག་སྒང་དུ་འགྲིག་སོང་བའི་ཐམ་ཀ་དང་ས་ཡིག་རྒྱབ་འགྲོ་ལ། དེ་ཡང་བསྐྱར་རྒད་པོ་སྒུག་འབུར་འཁྲིས་སུ་སོང་སྟེ། ཐོ་འགོད་བྱས་ཟིན་རྗེས་ཟླ་གཅིག་མ་འགོར་བར་ཁ་ལོ་བའི་ལག་ཁྱེར་སྤུས་མི་དག་པ་ཞིག་ཁྱོད་ཀྱི་ལག་ཏུ་འབྱོར་འགྲོ།

༢༠༡༥།༡༢།༢༡ལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།