ཡིག་ནོར་གྱིས་ཁེངས་པའི་ཐང་སྟོང་མགྲོན་བརྡ།

ཡིག་ནོར་ཁྱོན་ནས་མེད་ཟེར་ན་དཀའ་ལས་ཁེག་མོད། ཡིག་ནོར་རྦད་དེ་མང་དྲག་ན་སྐད་ཡིག་དེར་མཐོང་ཆུང་བྱས་པ་དང་གཅིག་མཚུངས་རེད། བོད་ཀྱི་ལས་ཁུངས་ཤིག་གིས་བོད་ཡིག་སྣང་ཆུང་དུ་བཏང་ན་སུ་ཞིག་གིས་བོད་ཡིག་མཐོང་ཆེན་བརྩི་བ་རེད།

ལས་ཤོག་འདི་ནི་ངའི་མིག་ལམ་དུ་ཐོན་མ་ཐག ངའི་མིག་ཟུང་རབ་རིབ་ཏུ་གྱུར་སོང་། ལས་ཤོག་འདིའི་མགོ་སྟོད་དུ་༼ཐང་སྟོང་གླུ་གར་བོད་ཀྱི་འཁྲབ་སྟོན་པ།༽ཞེས་བའི་ཡི་གེ་ལྗང་ཁུ་འགའ་བྲིས་འདུག་པར་བལྟས་ན། བོད་ཀྱི་སྲོལ་རྒྱུན་རིག་གནས་ཤིག་ཁྱབ་སྤེལ་ཉར་གསུམ་གནང་མཁན་གྱི་ཚོགས་པ་ཞིག་ཏུ་ཐད་ཀར་ངོས་འཛིན་བྱས་ཆོག་པ་རེད།

ལས་ཁུངས་འདི་ནི་ག་དུས་ཤིག་ལ་བཙུགས་པའི་སྐོར་ནས་ང་ལ་གསལ་ཆ་མེད་མོད། ལས་ཁུངས་འདི་ནི་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལའི་རི་འདབས་ཀྱི་སཱ་ར་མཐོ་སློབ་ཏུ་འགྲོ་བའི་ལམ་ཁ་དེར་ཡོད་པ་ཞིག་རེད།

དེ་རིང་ངའི་མིག་ལམ་རབ་རིབ་གྱུར་དོན་ཅི་ཡིན་ནམ། མ་གཞི་ལས་ཤོག་སྟེང་གི་མགྲོན་བརྡ་འདི་ཡིན། ཚིག་སྦྱོར་དང་དག་ཆར་སླད་འདྲེས་པའི་བོད་ཀྱི་ཡིག་འབྲུ་དག་རེ་རེ་བཞིན་ཨུ་ཚུགས་ཀྱིས་ཀློག་སྟེ་མཇུག་བསྐྱལ་ཡིན། ལས་ཤོག་ལས་རྟགས་ཅན་འདིའི་ལས་ཐོག་མི་སྣས་བོད་ཡིག་འབྲི་བར་འདི་འདྲའི་ཨ་མཚར་རྩེད་དགོས་དོན་མེད་པ་འདྲ། ང་ཚོའི་བོད་པའི་རིག་གཞུང་གི་མིང་གང་རུང་ཞིག་ཕྲག་ཏུ་འཁུར་བའི་སྙིང་སྟོབས་དང་སྤོབ་པ་ཡོད་ན། བོད་རང་གི་སྐད་ཡིག་སྟེང་ནས་མགྲོན་ཤོག་ཙམ་གཏོང་བར་ཡིག་ནོར་དང་ཚིག་སྦྱོར་གྱི་ནོར་སྐྱོན་ཐེབས་པ་ཅི་ཡིན་ནམ། ཁྱོད་ཚོས་བོད་ཀྱི་རིག་གནས་ཇི་ལྟར་སྲུང་སྐྱོབས་བྱེད་ཀྱིན་ཡོད་པ་རེད། ༼ཐང་སྟོང་བོད་ཀྱི་གླུ་གར་འཁྲབ་སྟོན་པ།༽ཟེར་བའི་མིང་ལ་འགན་འཁུར་གྱི་རྣམ་འགྱུར་ཙམ་སྟོན་པའི་ནུས་པ་ཡང་མེད་པ་རེད་དམ།

ཁྱོད་ཚོས་ལྟོས་དང་། ཡིག་འབྲུ་༢༧༠ལྷག་ཡོད་པའི་ལས་ཤོག་སྒང་གི་མགྲོན་བརྡ་འདིར། ལས་ཤོག་འདིའི་པར་ངོས་ཀྱི་ཡིག་ནོར་དག་ལ་ཞིབ་བཤེར་བྱེད་རོགས། ཕལ་ཆེར་འདི་ནི་ཡིག་ནོར་གྱིས་ཁེངས་བའི་ལས་ཤོག་ཚབ་ཆེན་ཞིག་རེད། འདི་ལྟ་བུའི་ཡིག་ནོར་གྱིས་ཕྱུག་པོ་ཆགས་ཡོང་དུས། བོད་ཟེར་བའི་སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་སོགས་སུ་བརྡབ་གསིག་ཇི་འདྲའི་མང་པོ་ཞིག་ཐེབ་ཀྱི་རེད་འདུག

ལྷག་པར་དུ། གཞིས་ལུས་བོད་མི་རྣམས་ཀྱིས་ཕ་སྐད་གཙང་མ་བཤད་པ་དང་། སྦྲགས་སྐད་མི་བཤད་པ། ཐ་སྙད་གསར་བ་སྦྱོང་བ་སོགས་ཀྱི་ཚ་འུར་ཧ་ཅང་ཆེ་བའི་སྐབས་སུ། རང་དབང་ལུང་པའི་བོད་ཀྱི་ཚོགས་པ་ཞིག་གིས་འདི་ལྟར་ཡིག་ནོར་ཅན་གྱི་མགྲོན་བརྡ་བཏང་བ་ཡིན་ན། ཧ་ཅང་གིས་ཉེན་ཁ་རེད་ལ། རེ་ཞིང་སྒུག་བཞིན་པའི་སེམས་པ་རྣམས་དང་རིག་གཞུང་གི་མ་རྩ་ལ་རྨ་ཁ་བཟོས་ཡོད་པའི་བསམ་བློ་ཙམ་ཡང་འཁོར་གྱི་མི་འདུག་གམ། ལས་ཤོག་འདིའི་སྒང་ནས་བོད་མི་ཞིག་གི་རྣམ་འགྱུར་མཐོང་གི་མི་འདུག་ལ། བོད་པའི་སྐད་ཡིག་ལ་རྩེད་ཆས་དང་མཐོང་ཆུང་གི་རྣམ་འགྱུར་ཡ་ང་བ་ཞིག་བསྟན་འདུག་པས། ཐང་སྟོང་གླུ་གར་ཚོགས་པས་ད་རག་བར་དུ་ལས་ཁུངས་ཀྱི་ཡིག་ཚག་ཉར་ཚགས་བྱེད་པ་འདི་ལྟར་བོད་ཡིག་གིས་བྲིས་ཡོད་དུས། ཁྱོད་ཚོའི་ཚོགས་པ་དེ་ནི་ལྟོ་བགྲང་བྱེད་གཅིག་པུ་ལས་ཅང་མེད་པ་འདྲ་བའི་སེམས་ཚོར་ཞིག་སེམས་གཏིང་ནས་སྐྱེས་སོང་།

༢༠༡༥།༠༣།༠༥ཉིན་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།