ཁྲོ་གཏུམ་གྱི་སྙན་ངག་བཞི།

རི་བའི་ཐོད་ནས་བལྟས་ན།

ལྷག་རླུང་མེད་པར་དུས་རབས་ཀྱི་རྗེས་སུ་རྐང་པ་འཇོག
བསིལ་ལྷམ་གོན་པའི་རྐང་ཐང་བ་འགས་དུས་ཚོད་ཀྱི་རྗེས་མ་ཟིན་པས
དུས་རབས་གསར་པའི་ཉི་འོད་ཀྱི་དྲོད་ཁོལ་མ་རག

ཁུག་མ་དངུལ་གྱིས་བཀང་བ་ལ་འབད་པའི་མི་འབོར་ཞིག
ལོ་ཟླའི་སྲུབ་ཀ་རུ་གཉིད་ལམ་དུ་རྨི་ལམ་གཏོང་ཞོར
སང་ཉིན་གྱི་དངུལ་ལ་སྐེ་བསྲིངས་ཏེ་མིག་བགྲད

ཤོག་བུའི་དཔེ་དེབ་འགའ་ལག་ཏུ་ཐོག་པའི་མི་འགས
གཏམ་རྒྱུད་ཀྱི་གོ་རིམ་ལ་མནོ་བསམ་གཏོང་ཞོར
མི་ཡུལ་དང་མི་རིགས
ཐ་ན་ནང་མི་དང་རང་ཉིད་ཀྱི་མ་འོངས་པ་སྟེ
དུས་རབས་ཀྱི་མ་འོངས་པ
དེ་རིང་གི་མ་འོངས་པ
སང་ཉིན་གྱི་མ་འོངས་པ
མ་འོངས་པའི་ལས་དབང་གི་གཡང་དུ་ལྷུང

༢༠༡༧ ཟླ་ ༠༨ ཚེས ༠༥ ཉིན།


    བྲང་གཞུང་གི་རྩིད་པ།

 

རི་བོ་དང་རི་བའི་ཕར་རྒྱབ་ནས
མངར་ཇ་འཐུང་སྐབས་ཀྱི་དྲན་པ་སྙི་མོ་དེ
ཕ་ཡུལ་གྱི་བྲང་གཞུང་ལ་འཁེན་ཡོད

ཤ་ཚ་བ་མ་ཡིན་ལ་ཤོབ་བཤད་པ་མ་ཡིན་པའི་སྐད་ཆ་ནི
ཡིད་ཀྱི་གཏིང་ན་བསྙལ་བའི་རྒུན་ཆང་གི་མངར་ཁ
ལྟེ་ཁྲག་གི་དམར་ཤ་གཏོར་ས་ལ་རླུང་སྣུམ་ཞིག་བྱས་པ་དེ་ཡིན

ཁ་ཕྱིར་འཁོར་བ་དང་མིག་ཕྱིར་འཁོར་བའི་ཚོར་བའི་རླབས་སུ
ཞེན་ཆགས་འདོམ་བཀང་གི་དྲན་པ་དགུ་སྟོང་ཡོད་ལ
བརྗེད་མི་སྲིད་པའི་ཨ་ཕའི་གཏམ
དྲན་སླ་བའི་ཨ་མའི་ལག་ཟས
རྩྭ་ཐང་གི་བྲང་གཞུང
ཆུ་བོའི་གླུ
རིམ་བཞིན་རོལ་དབྱངས་ཀྱི་རྒྱུད་སྐུད་ལ་འཐིམས

དབྱངས་གསལ་གྱི་སྒྲ་གདངས་སུ་འབྱར་བ
ངག་གི་དཔལ་དུ་འཁྱིལ་བ
སིམ་པ་ཐོབ་པའི་དྲན་པ་དགུ་སྐོར་གྱིས་ང་གཉིད་སད་མྱོང
གཉིད་མ་སད་ཀྱི་ཧབ་སྟོང་དེར་མཐུད་རྒྱབ་ན
ངས་ད་རུང་དྲན་སླ་བ་མང
བརྗེད་སོང་བ་བརྒྱ་ལས་དྲན་སླ་བ་སྟོང་གི་ངུ་ཁ་ལོན་མེད

༢༠༡༧ ཟླ་ ༠༨ ཚེས་ ༠༩ ཉིན།

                མེ་ལོང་གི་གས་ཁ།

 

ངས་སྐྲ་ལོ་ལ་བདག་པོ་རྒྱབ་མ་མྱོང་བ་ནི་གནས་ལུགས་ཤིག
སྐྲ་དཀར་ཐར་ཐོར་གྱི་ཉེན་བརྡ་བར་མེད་དུ་ལྡིང་འགོ་བཙུགས་དུས
གཡས་ལ་བལྟས
གཡོན་དུ་འཁོར་བ
གང་ལྟར་ངའི་རྗེས་སུ་ན་གཞོན་སྟོང་ཕྲག་གི་གོམ་སྒྲ་ཤུགས་ཀྱིས་འཕྱོ

མདུན་བསྐྱོད་ཀྱི་གོམ་པར་རབ་འབྲིང་ཆོ་གསུམ
མེ་ལོང་གི་སྲུབ་ཀ་ནས་རང་ཉིད་ཀྱི་ལང་ཚོར་བལྟས་ན
ཐོད་པའི་དཀྱིལ་ཞེང་ནི་སྔར་ལས་ཀྱང་ཆེ་རུ་གྱུར་ལ
གཉེར་མའི་ཕུང་པོ་ཡང་དེ་བཞིན་གྲོག་རོང་གི་རྗེས་སུ་བསྙེགས
འདི་ནི་ལང་ཚོ་སྟེ་མེ་ལོང་གི་གས་ཁ་ཞིག་ཀྱང་ཡིན

༢༠༡༧ ཟླ་ ༠༨ ཚེས་ ༡༧ ཉིན།


   ང་ཚོས་སྔ་ས་ནས་མི་འཚོལ་དགོས།

 

གཉིད་མེད་པའི་སྔོན་དང
གཉིད་ལ་ཤོར་གྲབ་ཀྱི་དུས
མི་འཚོལ་བར་ཆས་དགོས

ཤོག་བུ་སྔར་བཞིན་མདུན་བཅོག་སྟེང་ཡོད
སྨྱུ་གུ་དེ་བཞིན་དུ་ཤོག་བུའི་མཁྲིས་སུ་གནར་(གན་རྐྱལ)སྟེ་ལྷགས

མི་ལྷག་མ་མང་བ་དང་སྐད་དག་མ་དཀོན་དུས
དེབ་ཀྱི་བང་རིམ་ལ་རྡུལ་འགོས་ཏེ
དུས་ཀྱི་སློབ་གསོ་ལ་གས་ཤོར་ལ་ཉེ
མི་འཚོལ་རོགས་སུ་ཕེབས་ཤོག

༢༠༡༧ ཟླ་ ༠༩ ཚེས་ ༡༩ དགོང་ཕྱེད་ཡོལ་ལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།