རྫ་དམར་སྡེ་བས་དྭགས་པོ་སྡེ་བར་དགྲ་ཤ་བླངས་པ།

བཀླགས་བྱང་འབྲི་མཁན། ཁྲོ་གཏུམ།

དེབ་མིང་། རྫ་དམར་གེ་མོ་དཔལ་ལྡན་གྱིས་དྭགས་པོའི་ནང་ལ་དགྲ་བརྒྱབ་པ་དང་རྫ་དམར་དཔོན་ཞྭ་སྒྲ་འཆི་མེད་ཀྱིས་ཁ་མཆུ་འདུམ་པའི་གཏམ་རྒྱུད།
བསྡུ་བསྒྲིགས་མཁན། ཐོག་མེད་རྣམ་རྒྱལ།
བཤད་མཁན། བགྲེས་སོང་དབང་གྲགས་སོགས།
དཔར་དུས། ཕྱི་ལོ་༢༠༠༦ཟླ་༦ཚེས་༦ལ།
མི་སྣ་གཙོ་བོ། རྫ་དམར་གེ་མོ་དཔལ་ལྡན།

དུམ་མཚམས་གཉིས། དང་པོ། རྫ་དམར་གེ་མོ་དཔལ་ལྡན་གྱིས་དྭགས་པོའི་ནང་ལ་དགྲ་བརྒྱབ་པ།
གཉིས་པ། རྫ་དམར་དཔོན་ཞྭ་སྒྲ་འཆི་མེད་ཀྱིས་ཁ་མཆུ་འདུམ་པ།


བརྗོད་སྙིང་། ཕྱི་ལོ ༡༩༥༦ ལོའི་བོད་ཟླ་ ༦ པའི་ཚེས་ཤར་ལ། དེ་ནས་རྩིས་ལོ་གསུམ་གྱི་སྔོན་ལ་ཧོར་ཚོ་དགུའི་ནང་གི་རྫ་དམར་འཚོ་བ་ཡི་རྫ་དམར་ཁྱུང་རྒྱུད་སྐོར་གྱི་མི་གསུམ་གནམ་མཚོར་གནས་སྐོར་ལ་སོང་བ་ནས་ཕྱིར་ལོག་རྒྱུ་མ་བྱུང་བའི་གནས་ཚུལ་ཞིག་ཆགས། དེའི་ཕྱི་ལོར་མི་གསུམ་དེའི་སྐོར་ཅི་ཆགས་རྩད་གཅོད་བྱེད་པར་གུར་འབུམ་བསྟན་པ་བསམ་འགྲུབ་སོགས་མི་བཞི་སོང་བ་ཡང་ཕྱིར་ལོག་རྒྱུ་མ་བྱུང་བ་ཆགས་འདུག རྗེས་སུ་རིམ་པས་ཤེས་རྟོགས་བྱུང་བ་ལྟར་ན། དྭགས་པོ་རུ་བ་དང་དལ་སྦྱིན་རུ་བ་གཉིས་ཀྱིས་བསད་པའི་སྐོར་རྩད་ཆོད་ཡོད་པ་དང་། དེར་རྫ་དམར་ཚོ་བ་ན་དགྲ་ཇག་རྒྱག་པར་སྐད་གྲགས་ཆེ་བའི་གེ་མོ་དཔལ་ལྡན་ཟེར་བ་ཞིག་ཡོད་པ་དེ་ལ། དཔོན་ཞྭ་སྒྲ་འཆི་མེད་ཀྱིས་"དགྲའི་ཁ་གཏད་དེ་ཁྱོད་གེ་མོ་དཔལ་ལྡན་གྱིས་འཇལ་དགོས། རྗེས་མའི་གྱོད་ཀྱི་ཁ་གཏད་དེ་ང་ཞྭ་སྒྲ་འཆི་མེད་ཀྱིས་འཇལ་ཡོང་།"ཞེས་དགྲ་ཤ་ལེན་པའི་འགན་ཁུར་དགོས་པའི་བཀའ་བབས་ཤིང་། དེས་ཀྱང་དེ་དོན་དང་དུ་བླང་ནས་དྭགས་པོ་སྦྲ་ཆེན་ཚང་དམིགས་སུ་བཟུང་ནས་མི་གསོད་རྟ་འགྱེལ་གྱི་དོན་རྐྱེན་བྱུང་སྐོར་དང་། རྗེས་ལ་དེ་འདུམ་འགྲིག་གི་རིམ་པ་བཅས་གཙོ་གནད་དུ་བཟུང་ནས་བྲིས་པའི་དེབ་ཅིག་རེད།

དེབ་འདིའི་ནང་བཀོད་པའི་གནས་ཚུས་ཚུལ་དག་གི་འབྱུང་ཁུངས་ནི། སྐབས་དེར་དགྲ་ཤ་ལེན་པའི་དམག་ཁོངས་སུ་ཞུགས་མྱོང་མཁན་གྲས་རྫ་དམར་སྡེ་བའི་ཕྱོགས་ཀྱི་མི་དག་གིས་གང་བཤད་པ་གཞི་ལ་བཞག་ནས་བཀོད་འདུག་སྟབས། སྐབས་འགའ་ཞིག་ཏུ་རང་བསྟོད་ཀྱི་རྣམ་པ་དང་། སྡེ་བ་གཞན་དེའི་སྐོར་དེ་ཙམ་གསལ་པོ་བྱུང་མི་འདུག་སྙམ་པའི་ཚོར་བ་སྟེར་བ་ཞིག་རེད། འོན་ཀྱང་། འདི་ནི་སྐབས་དེ་དང་དེའི་སྤྱི་ཚོགས་ཀྱི་རྣམ་པ་གསལ་འབྲི་བྱས་པ་ཞིག་རེད་འདུག དེར་བརྟེན། རྟོག་བཅོས་ཀྱི་སྒྲུང་མ་ཡིན་པར་དངོས་བྱུང་གི་ལོ་རྒྱུས་ཤིག་ཡི་གེའི་རི་མོར་བཏབས་པ་ཞིག་ཡིན་བརྟེན། སྐབས་དེའི་སྤྱི་ཚོགས། ཡང་ན། སྡེ་ཚོ་འདི་གཉིས་ཀྱི་གྱོད་ཀྱི་རིམ་པ་དང་འདུམ་པའི་འདུས་མདོ་ལ་བསམས་ན། ཕྱོགས་སུ་ལྷུང་ཐལ་དུ་སོང་འདུག་སྙམ་པའི་ཚོར་བ་མི་སྟེར་བ་ཞིག་རེད། མ་གཞི་ནས། ལོ་རྒྱུས་འདི་རིགས་ནི་མ་འོངས་པར་གྱོད་སྣའི་རིགས་ཡོང་ན་མི་ལེགས་པ་དང་། འདུམ་འགྲིག་གི་ཆུ་བོ་བསྐལ་པའི་བར་དུ་བཞུར་དགོས་པའི་བསླབ་སྟོན་གྱི་ཆེད་དུ་ཡིན་ངེས་སྟབས། ཕྱཔགས་གཉིས་ཀའི་རྣམ་པ་དང་འབབ་སོ་ཚུད་པ་ཞིག་ཀྱང་ཡིན་པར་ཡིད་ཆེས་བྱས་ཆོག་པ་ཞིག་རེད། སླད་ན། སྡེ་ཚོ་གཞན་གྱིོ་རྒན་རབས་པ་དག་གིས་ཀྱང་ལོ་རྒྱུས་ཀྱི་བྱུང་བ་འདི་ཡི་གེར་ཕབ་སྲིད་པ་རེད། དེར་བརྟེན་ནས་ཀྱང་ད་ལྟའི་འདི་ལ་གཟུ་བོའི་རྣམ་པ་ལྡན་པར་མཐོང་སོང་།
ཀློག་པ་པོ་ང་ཚོ་མ་སྐྱེས་པའི་སྔོན་གྱི་བོད་ཀྱི་སྤྱི་ཚོགས་རྙིང་པའི་དངོས་བྱུང་ལོ་རྒྱུས་དག་ལ་རོལ་ན། དེང་དུས་ཀྱི་སྤྱི་ཚོགས་རྣམ་པ་ལྡོག་པ་ཞིག་ཆགས་ཡོད་ནའང་། དེང་དུས་ཟེར་བ་འདི་གནས་དུས་ཟེར་བ་ནས་བརྒྱུད་འོང་བ་དང་། དེའི་རིག་གནས་དང་སྤྱི་ཚོགས་ཤུགས་རྐྱེན་ཞིག་ངེས་པར་ཡོད་པ་རེད། དེར་བརྟེན། དེང་སང་ཡང་བསླབ་བྱ་འདི་དག་སྐབས་རེར་དགོས་མཁོ་ཆེན་པོ་ཡོད་པ་ཞིག་རེད།
དེབ་ནང་གི་མི་སྣ་གཙོ་བོ་ནི་གེ་མོ་དཔལ་ལྡན་ཞུ་བ་ཁོང་རེད། ཁོང་ནི་ཆུང་དུས་ནས་དགྲ་ཇག་བྱས་ཏེ་ཡུལ་དེར་སྐད་གྲགས་ཡོད་མཁན་ཞིག་རེད། སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་ནི་ཕོ་ཇག་འགྲོ་དང་མ་གནས་འགྲོ་ཡི་སྲོལ་ཆེ་ལ། མི་ཚང་རེའི་འཚོ་ཚིས་ཀྱི་ཇག་འགྲོ་བྱེད་པའི་རྣམ་པའི་རྣམ་པ་དང་ལྡན་པ་གསལ། སྐབས་དེའི་ཇག་པའི་ལག་ཆསའི་གྲས་སུ། རང་འབར་ཆུ་སྦོས་ཟེར་བའི་དེང་རབས་མེ་མདའ་གྲགས་ཆེ་ཤོས་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། དེ་གྲས་གཅིག་ལ་ནོར་ནག་ ༤༠ ལྷག་དགོས་པར་བྲིས་འདུག དེ་ལྟར་ན། དགྲ་ཇག་རྒྱག་པར་མཚོན་ཆ་གང་རྫིག་ཉར་བའི་སྲོལ་ཞིག་ཀྱང་ཡོད་པ་རེད་འདུག
གེ་མོ་དཔལ་ལྡན་ནི་ཇག་པ་སེམས་བཟང་ཞིག་རེད། བཙན་པོའི་གཉའ་གནོན་དང་གཉོམ་ཆུང་མཐའ་སྐྱོར་བྱེད་ཐུབ་པའི་སྐྱེས་ཕོ་རབ་ཞིག་རེད། ལྷག་པར་དུ། དྭགས་པོར་དམག་རྒྱག་པར་འགྲོ་དུས། དམག་རྒྱག་སྟངས་ཀྱི་དོན་ཚན་དྲུག་དང་སྒྲིག་ལམ་ཁག་གསུམ་བཟོས་འདུག དམག་རྒྱག་པའི་གོ་རིམ་དང་འཆར་གཞི་ནི་ཧ་ཅང་ཞིབ་ཚགས་དང་ལྡན་པ་ཞིག་རེད། སྒྲིག་ལམ་གྱི་ནང་དུ། ཚུར་རྒོལ་ལན་མི་སློག་མཁན་དང་སྒོས་སུ་ཕྲུ་གུའི་རིགས་དང་ནག་མོའི་རིགས་ལ་རྒྱག་རྡུང་ཕར་བཞག སེན་བཏོག་ཙམ་ཡང་བྱེད་མི་ཉན་པ་དང་། རྒྱུ་དངོས་ལྐོག་ཉར་བྱེད་མི་ཆོག་པ། ཚུར་མེ་མདའ་རྒྱག་མཁན་ཐར་དུ་བཅུག་མི་ཆོག་པ་བཅས་རེད། དཔེར་ན། ཁོང་གིས་དགྲ་རྒོལ་གྱིས་དགྲ་ཤ་བླངས་ཤིང་ནོར་ལུག་ཁྱུ་འདེད་དང་ཅ་དངོས་རྩ་ཆེན། མདའ་དང་མདེའུ་སོགས་ཁྱེར་ནས་ཕྱིར་རང་ཡུལ་ལ་ལོག་པའི་རིམ་པ་བྲིས་པའི་ནང་ལ། གེ་མོ་དཔལ་ལྡན་གྱིས་ཀོ་རབ་སྒྲ་ཆེན་དཔང་མིར་བཞག་སྟེ། དྭགས་པོ་རུ་བའི་གསོན་པོའི་འཚོ་རྟེན་དང་ཤི་བོའི་ཆོས་སྐལ་དུ་ལུགས་ ༣༠༠༠ སྤྲད་ཅིང་། རྒྱུ་དངོས་ལྷག་མ་དག་ཡར་དགོན་སྡེ་ལ་མཆོད་འབུལ་དང་། མར་སྤྲང་པོར་གནང་སྦྱིན་། དེ་འཕྲོས་རྣམས་ཇག་རོགས་རྣམས་ལ་བགོ་འགྲེམས་བྱས་པ་གསལ།
ང་ཚོའི་བོད་རིགས་རྣམས་ལ་སྐབས་འགའ་ཞིག་ཏུ་རྟ་ཐོག་གི་མི་རིགས་ཟེར་བ་སོགས་འཚོ་གནས་དང་འབྲེལ་བའི་ཚིག་བརྗོད་ཡོད་པ་བཞིན། རྟ་ནོར་ལུག་གསུམ་དང་འབྲེལ་ཆེ་ཞིང་། དེར་བརྟེན་ནས་སོ་སོའི་བཞོན་རྟ་ལ་མིང་ཡག་པོ་སྣ་ཚོགས་འདོགས་སྲོལ་ཡང་ཡོད། དཔེར་ན། གེ་མོ་དཔལ་ལྡན་གྱི་རྟ་ངང་པ་ལྷ་འཛི། ཚ་རུའི་འཇིགས་སེང་གི་རྟ་ཆར་སྤྲིན་སྔོན་མོ། ལྕགས་ཤུལ་ཅན་གྱི་རྟ་ནག་པོ་འགྲོས་མ་ཁམ་ལེབ། གསེར་ཉ་རག་པ་སོགས་རྟ་ཡི་མིང་དག་དང་། དེ་མིན་རྟ་ཞིག་འདམ་ལ་ལྷུང་བ་དེ་མི་རྣམས་མཉམ་རུབ་ཀྱིས་ཡར་ལེན་དུས། ཤོབ་གཅིག མ་གཉིས། གསུམ་པས་ཐོག་ཟེར་ནས་འཐེན་པའི་བརྩི་སྲོལ་ཞིག་ཡོད་པ་ལྟ་བུས་མཚོན། སྲོལ་རྒྱུན་གྱི་འཚོ་བ་དང་འབྲེལ་བའི་རིག་གནས་རྣམ་གྲངས་མང་པོ་ཞིག་ཀྱང་ཞར་ལ་ཤེས་པ་ཞིག་བྲིས་འདུག

དེ་ལས་གཞན་ཞིག་ནི། ཇག་ཐོབ་སྟེ་ཡོང་བའི་ལམ་བར་ནས་ཁ་ཤས་ཀྱིས་ཁྲམ་གླུ་ལེན་པ། ལ་ཤས་ཀྱིས་གླུ་ལེན་པ། འགའ་ཤས་ཀྱིས་གེ་སེར་སྒྲུང་ལེན་པ། ཁ་ཤས་ཀྱིས་ཚྭ་གླུ་ལེན་པ། ཁ་ཤས་ཀྱིས་འདོགས་རྒྱག་པ་སོགས་བྱེད་ཅིང་། གླུ་ལེན་གྱི་རྣམ་པ་འདི་དག་གིས། སྐབས་འགའ་ཞིག་ཏུ་ལོ་རྒྱུས་མཚོན་པའང་ཡིན། དཔེར་ན། དབྱིན་འགག་དམག་འཁྲུག་བརྗོད་བྱར་བྱས་པའི་གཞས་ཚིག་གནད་ཅན་མང་པོས་ལོ་རྒྱུས་ཀྱི་དོན་སྙིང་བཟུང་ཡོད་པ་ནང་བཞིན། ཁོང་ཚོས་ཀྱང་དེ་ལྟར་བྱས་ཡོད་པ་སྟེ། སོས་ཟླ་གསུམ་ཟླ་བ་ཤར་དུ་དེར།། ཁྱོད་རྒྱ་རུ་ཚ་རུ་བསྡུ་མི་རེད།། དབྱར་ཟླ་གསུམ་ཟླ་བ་ཤར་དུས་སུ།། ཁྱོད་རྒྱ་དམར་དབྱར་མར་བསྡུ་མི་རེད།། སྟོན་ཟླ་གསུམ་ཟླ་བ་ཤར་དུས་དེར།། ཁྱོད་རྒྱ་ནག་རྔ་ནག་བསྡུ་མི་རེད། དགུན་ཟླ་གསུམ་ཟླ་བ་ཤར་དུས་དེར།། ཁྱོད་རྒྱ་ལུག་ལུག་པགས་བསྡུ་མི་རེད།། དཔོན་དགེ་སེམས་ཅན་ལ་དགེ་བ་མ་ཞུས་ན།། ངེད་དཔོན་པོ་གཡོག་མེད་སྤྲང་པོ་མཉམ་འཁྱེར་རེད།། ཟེར་བ་འདི་ལས་སྐབས་དེ་དུས་དགྲ་ཤ་ལེན་ཞིང་ཇག་པ་རྒྱག་གིན་ཡོད་ཀྱང་། རྒྱ་དམར་གྱིས་ཁྲལ་འུ་ལག་བསྡུས་ནས་མི་མང་ལ་སུན་པོ་བཟོ་བཞིན་པའི་རྣམ་པའང་ཡོད་པ་དེ་གསལ་འདུག

མཐར་རྫ་དམར་དཔོན་པོས་ཁ་མཆུ་འདུམ་དུས། བྱང་སྤྱིའི་སྐུ་ཚབ་ཨ་མདོ་སྟོད་མའི་དཔོན་རིན་ཆེན་གཡང་འགྲུབ་གཟུ་བ་བྱས་ཤིང་། རྫ་དམར་དཔོན་ཞྭ་སྒྲ་འཆི་མེད་དང་། དྭགས་པོའི་མ་ཎི་ལྷ་པ་བཅས་ན་ནག་ཟངས་དཀར་ལ་འཛོམས་ནས་གྱོད་འདུམ་བྱས་ཤིང་། དཔོན་རིན་ཆེན་གཡང་འགྲུབ་ཀྱི་གུར་ནང་དུ། གུར་སྦུག་ལ་འབོད་གདན་ཉིས་རྩེག་ཐོག་དཔོན་རིན་ཆེན་གཡང་འགྲུབ་བཞུགས་ཤིང་། གཡས་གྲལ་ལ་ཞྭ་སྒྲ་འཆི་མེད་སྐུ་འཁོར། གཡོན་གྲལ་མ་ཎི་ལྷ་བ་སྐུར་འཁོར་བསྡད་པ། སྐབས་དེར་དཔོན་རིན་ཆེན་གཡང་འགྲུབ་ཀྱིས་རྒྱལ་པོའི་བཀའ་ཁྲིམས་རྩིས་མེད་བཏང་། ས་གནས་དཔོན་པོ་སྣང་མེད་བྱས་ཏེ། ཁྱེད་རྫ་དམར་དང་དྭགས་པོ་གཉིས་བར་ལ་མི་ཤི་རྟ་འགྱེལ་བྱུང་སྟེ། རྫ་རི་རག་པའི་གོང་གསེང་ལ།། འབྲོང་བྲེ་མོ་གསོད་བྱེད་ཀྱི་མདའ།། ཁྲིམས་ས་ཡར་ལུང་གོང་མ་ལ།། གྱོད་ཡ་སྒྱེལ་བྱེད་ཀྱི་ཚིག་ཅི་ཡོད་ལབ་ཞེས་བཤད་དུས། རྫ་དམར་དཔོན་དང་དྭགས་པོ་དཔོན་གཉིས་ཀྱིས་གཏམ་དཔེ་ལེན་དཔེ་འཇོག་གིས་ཉིན་གསུམ་རིང་བཤད་ཀྱང་མ་འགྲིག་པར། དཔོན་རིན་ཆེན་གཡང་འགྲུབ་ནས། ཁྱེད་གཉིས་ཀྱིས་ཧམ་པ་རི་ཙམ་བཤད་ནས། བདེན་པ་གཡག་ཙམ་ཐོབ་རེ་མ་བཤད། ངས་སྒ་ཉག་ཉག་མི་ལ་བདེ་བ་ཞིག་དང་། གཟར་བལ་སྟན་རྟ་ལ་འཇམ་ལེ་ཞིག་བྱེད་། ཟེར་ནས། ཁོ་གཉིས་སོ་སོའི་མཉམ་དུ་ཉིན་གཉིས་རིང་གྲོས་བསྡུར་བྱས་ཏེ། མཐར་འདུམ་འགྲིག་ཐུབ་པ་བྱུང་ཚུལ་གྱིས་དེབ་མཇུག་རྫོགས་པར་བྲིས་འདུག

དེབ་འདིར་དམིགས་བསལ་གྱི་ཁྱད་ཆོས་གཞན་ཞིག་ཡོད་པ་ནི། མ་ཎི་ལྷ་པས། གཞུང་ས་དགའ་ལྡན་ཕོ་བྲང་མ་ཚད། ཀྲུང་དབྱང་སྲིད་གཞུང་བར་དུ་འགྲོ་དགོས་བྱུང་ཡང་འགྱོད་པ་མེད། ཅེས་དང་། དཔོན་ཞྭ་སྒྲ་འཆི་མེད་ཀྱིས། དུས་དེང་སང་བོད་ཁྲིམས་ནི་ཞིག རྒྱ་ཁྲིམས་ནི་དར་མ་ཐུབ། ཞེས་པས་མཚོན་སྐབས་དེར། བོད་བྱང་ཁུལ་དེར་རྒྱ་ནག་ཕྱོགས་ཀྱི་ཤུགས་རྐྱེན་ཡང་གང་འཚམ་ཡོད་པའི་ལོ་རྒྱུས་ཤིག་བསྟན་ཡོད་པ་འདི་འདྲ་དག་ལོ་རྒྱུས་ཞིབ་འཇུག་པ་དག་གིས་སྣང་མེད་བཞག་མི་རུང་བར་ཡང་ཡིན་པར་མཐོང་། དེ་བཞིན་དུ། བོད་ཀྱི་སྲོལ་རྒྱུན་གཏམ་དཔེ་དང་། གཏམ་དཔེའི་ཕྲེང་བ་སྤྱད་ནས་གྱོད་གང་ཞིག་ཐག་པར་བསྡམས་པ་ལྟ་བུར་བྱེད་ཅིང་། གནད་ཀྱི་འབབ་སོ་འཚོལ་བའི་རིམ་པ་དག་ལས་གཏམ་དཔེའི་རིག་གནས་འཚོལ་བསྡུ་དང་། བེད་སྤྱོད། ཉམས་ཞིབ་བྱེད་མཁན་དག་ལ་དེའི་ཕྱོགས་ཀྱི་གནད་འགག་མང་པོ་ཞིག་ཀྱང་ལེན་དུ་འདུག་པ་བཅས་ཀྱི་དེབ་ཅིག་རེད།

ཕྱི་ལོ་ ༢༠༡༧ ཟླ ༠༦ ཚེས ༡༣ ཉིན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།