ཕྱོགས་བསྐྱོད་བྱས་པའི་རགས་ཟིན།

འདི་ནི་ང་རང་རྒྱ་གར་ལ་སླེབས་ནས་ལོ་བདུན་རིང་རྡ་རམ་ས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འགྲུལ་བཞུད་གསུམ་པ་ཆགས་ཡོད་ལ། ཆེས་ཐག་རིང་གི་འགྲུལ་བཞུད་ཐོག་མ་དེའང་ཡིན།

༢༠༡༤།༠༥།༡༣དགོང་མོ་ཆུ་ཚོད་༨།༥༠ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མེ་འཁོར་ས་ཚུགས་ནས་ལྷོ་ཕྱོགས་བྷང་ལོར་ཕྱོགས་སུ་འགྲུལ་བཞུད་དང་མཉམ་དུ། ནོར་གླིང་མཐོ་སློབ་སྐབས་ཀྱི་སློབ་གྲོགས་རྣམ་པར་སྐད་འཕྲིན་གྱི་ཚོམས་ནང་དུ་བྲིས་དོན། རྒྱང་བཞུད་པ་ངས་ཁྱོད་ཚོའི་རྗེས་མ་ཆོད་པའི་ཆད་ལྷག་ཅིག་ལ་ཁ་གསབ་བྱེད་ཀྱིན་ཡོད་ལ། ས་མཐོ་གང་ལ་མ་འགུལ་བའི་ཟུར་ཟའི་སྐད་ཆ་དག་རྒྱང་ཕུད་རྒྱག་གི་ཡོད། དེ་རིང་ངའི་ལུས་ཀོག་འདི་ནི་སྐར་ཆ་རེ་རེ་བཞིན་ཕྱོགས་བསྐྱོད་བྱེད་ཀྱིན་འདུག་ལ་དབང་བོ་རྣམ་ལྔས་མ་འདྲ་བའི་ཚོར་གསར་རེ་འཐུ་བཞིན་ལམ་ལ་བུད་ཟིན་པ་འདི་ནམ་ཞིག་གི་ཚེ་ན་ཁྱོད་ཚོའི་ཡིད་སྨོན་བྱེད་སའི་མི་ཞིག་དང་ཟུར་ཟ་དེ་དག་རྩ་སྟོང་ལ་འགྲོ་ཆེད་རེད།  འདི་ནི་འགྲན་རྩོད་ཁྲོད་ཀྱི་ཡར་རྒྱས་དང་རྒྱལ་ཁའི་རྣམ་པ་དེའོ། །

ལྷོ་བགྲོད་ལམ་དུ་བྱང་ཆ་ལྡན་པའི་གྲྭ་ཟུར་གཉིས་ཀྱིས་ལམ་སྟོན་གྱི་ཚུལ་དུ།
མའེ་སོར་ན་རྒྱལ་ཁང་དང་ཙ་མུན་ཊིའི་གནས་ཡོད། སེ་ར་ནས་ཀི་ཤུལ་ན་གྷར་ཟེར་བ་དེར་སོང་། དེ་ནས་བྷ་དྲན་བྷོས་ཟེར་བ་ཞིག་ལ་འགྲོ་དགོས། ལོ་འགའི་སྔོན་སྤྱི་སྤྱོད་རླངས་འཁོར་ཆུང་བ་ཞིག་ཏུ་གླ་དངུལ་ཧུན་སྒོར་བཅུ་གཉིས་ཡིན། དེ་བྱིན་ན་བྷ་དྲན་བྷོས་ལ་བསྐྱལ་གྱི་རེད། དེ་ནས་རྐང་ཐང་ལ་རི་མགོར་འགྲོ་ཆོག  རི་མགོ་ན་དབང་ཕྱུག་གི་བསྒྲུབ་གནས་ཡོད།  གྷོ་བ་ལ་འགྲོ་མི་ཐུབ་རུང་མ་ངྷ་ར་སི་དང་མང་གྷ་ལོར། མང་བྷེ་གང་རུང་ལ་འགྲོ་ཐུབ་པ་བྱོས། ད་རུང་མའེ་སོར་ན་ཆུ་རྐྱལ་ས་དང་རི་དྭགས་ཁང་། རྩེད་ཁང་འདྲ་མིན་མང་པོ་ཡོད་པས་བསྐོར་གཡེང་རེ་བྱོས་དང་ཁམས་སྐྱིད་ཡ།

གཞན་བྷེ་ལ་ཀོ་བྷེ་གཞིས་ཆགས་ནི་བཙན་བྱོལ་ཁྲོད་ཀྱི་གཞིས་ཆགས་རྙིང་ཤོས་ཡིན་པས་གཞིས་གྲོང་བཅུ་དྲུག་ཡོད་ལ། དེ་དག་ལ་ས་ཞིང་དང་བ་གླང་། གཞིས་གྲོང་རེ་རེར་ཆོས་སྲིད་ཀྱི་བྱེད་སྒོ་སྤེལ་སའི་ཚོགས་ཁང་སོགས་ཆ་ཚང་རེ་ཡོད། ད་དུང་དེ་རུ་དབང་བོ་སྐྱོན་ཅན་ལྟ་རྟོག་ཁང་དང་རྒས་གསོ་ཁང་སོགས་ཀྱང་ཡོད། དེ་དག་གིས་སྒོག་པ་ཀེའུ་འདེབས་པ་དང་དེ་དག་བཙོང་ཁུལ་ཡང་བྱེད་བཞིན་ཡོད།

མེ་འཁོར་ནང་དུ་མ་ནིང་འབེལ་བོ་ཡིན་པས་ཡར་འགྲོ་མར་ཡོང་སྐབས་ཁ་རྩེ་རྒྱུ་མེད། དེ་མིན་ཁ་ལ་རྐུབ་གླན་གི་རེད། བྷེན་ལོར་ནི་ཞིང་ཆེན་དང་། མའི་སོར་ནི་ཁུལ་དང་མ་ཎི་ཀ་ར་ནི་རྫོང་། ཀི་ཤུལ་ཎ་གྷར་ཡུལ་ཚོ་ཡིན། ཨ་རོགས་ད་རུང་ཤིང་ནགས་ཀྱི་འདབས་དང་དགོན་པའི་ཕྱི་བསྐོར་དུ་ལྕགས་རྭ་བསྐོར་ཡོད་པ་དག་ལ་གཟབ་གཟབ་བྱོས་མ་གཏོགས་གློག་གིས་རྒྱག་གི་རེད། གླང་ཆེན་དང་ཕག་རྒོད་འགོག་བྱེད་ལ་བསྐོར་བ་རེད།  ད་རུང་ཞིང་ཁ་དང་གྲོང་གསེབ་ལ་མ་འགྲོ་མ་གཏོགས་སྦེལ་ཀོབ་ནས་གླང་ཀོག་གིས་རྡུང་གི་རེད།

དེ་རིང་ཁྱེད་འགྲོ་བཞིན་ཡོད་པ་དེའི་ནང་དམག་མི་འགའ་རེས་ལྟ་རྟོགས་བྱེད་ཁུལ་དུ་ཡོང་གི་ཡོད། དེ་དག་གིས་བུ་རོགས་པ་མེད་མཁན་ཚོའི་རྐུབ་དང་ཁ་ནང་ལ་བཙན་གཡབ་བྱེད་སྲིད། ཁོང་ཚོ་དམག་མི་ཡིན་པས་དེ་ལྟར་བྱས་ཀྱང་ཁྲིམས་འགལ་ཆགས་མེད། དེའི་ཕྱིར་ལྷོ་ཕྱོགས་ལ་འགྲོ་ན་རོགས་པ་དགོས་ཟེར་དོན་དེ་རེད་ལ། ང་དང་འཛིན་གྲོགས་ཚོས་ཁྱེད་ལ་སེམས་ཁུར་བྱེད་དོན་ཡང་དེ་ཡིན། འོན་ཀྱང་བུ་མོ་ཚོར་དེ་ལྟར་བྱས་ན་ཁྲིམས་འགལ་ཆགས་ཡོད་པས་དེ་འདྲ་མི་བྱེད། ཞི་ལི་ཚོར་ཉིན་མཚན་དབྱེར་མེད་དུ་ཡར་འགྲོ་མར་འབུད་དང་གསང་སྤྱོད་དུ་འགྲོ་སྐབས་སོགས་སུ་གོ་སྐབས་ལ་སྒུག་ཡོད།

ཁོང་ཚོས་དམག་མིའི་སྒྲིག་ཆས་གྱོན་ཡོད་མེད་ཅི་རིགས་ཡིན་པས་ངེས་པར་གཟབ་གལ་ཆེ། ཁྱེད་ཀྱི་ཉེ་འགྲམ་དུ་ཡོང་མཁན་དང་སྐད་ཆ་འདྲི་ཁུལ་བྱེད་མཁན་དག་ནི་ངས་གོང་ནས་བཤད་པ་དེ་དག་ཡིན་ངེས་པས། དང་པོ་ནས་སྐད་རྒྱག་པ་དང་ཡང་ན་ཁུ་ཚུར་འཕྱར་ནས་ཡར་ལངས་དང་ན་བྲོས་འགྲོ། ཁྱེད་ལ་མིག་ཟུར་གྱིས་བལྟ་མཁན་དང་ཡང་ན་དོ་སྣང་གང་ཡང་མེད་ཁུལ་བྱེད་མཁན་དག་ནི་གོང་བཤད་དག་ཡིན་ལ། འགྲམ་ལ་གཅར་མཁན་དང་སྐད་ཆ་བཤད་མཁན། སྐད་ཆ་འདྲི་མཁན་དག་ཡང་དེ་དག་ཡིན་ངེས། མདོར་ན་མི་ཞིག་གིས་ཁྱེད་མཐོང་ཐལ་བསམ་དུས་ཁྱེད་ཉེན་ཁར་ལྷུང་བ་ཡིན་པས་སྐད་ཤུགས་ཆེན་རྒྱག་དགོས། དེ་ནི་སྲོག་ཉེན་ཡིན་པ་མ་བརྗེད་རོགས།

གལ་སྲིད་དེ་འདྲ་བྱུང་བ་ཡིན་ན་རང་ཉིད་སྲོག་ཉེན་ལས་སྐྱོབ་ཕྱིར་རྐང་བསྣམས་ཕུད་དེ་ཁ་ཕར་འཁོར་ནས་རྐུབ་ཁོང་ཚོར་སྤྲད་བཞག་ན། རྐུབ་རྒྱག་ཡག་ཐག་ཆོད་ཅིག་བྱས་རྗེས་ཁོང་ཚོ་བུད་འགྲོ། དེ་ནི་སྡུག་ཐུག་གི་བྱེད་ཐབས་ཤིག་ཡིན་པར་མ་ཟད་རྐུབ་བཀད་རྒྱུ་ནི་སྨྲོས་མེད་ཡིན་མོད། རང་ཉིད་འཆི་ལམ་ལས་སྐྱོབ་ཕྱིར་ལས་ཀ་དེ་ངེས་པར་བྱེད་དགོས། དེ་རྗེས་བྷེན་ལོར་དུ་ཐོན་རྗེས་རྐུབ་བཟོ་བཅོས་བྱེད་པའི་སྨན་ཁང་མ་ཎི་པད་ manepal ཟེར་བ་ཞིག་ཡོད། དེར་ཁ་ཐུག་གིས་འགྲོ་དགོས། སྨན་ཁང་དེར་རྐུབ་བཟོ་ཆེད་ལས་པ་བདུན་བརྒྱ་ལྷག་ཡོད། རབ་བྱུང་ན་རིན་མེད་ངང་ཁྱེད་ཀྱི་རྐུབ་བཟོ་སྲིད།  གང་ཡིན་ཞེ་ན་ཁྱེད་ཀྱིས་རྩོད་ཉོག་མེད་པར་དམག་མིར་རྐུབ་གཡབ་བྱེད་བཅུག་པའི་འབྲས་བུ་ཡིན་སྲིད། དེ་དག་ཡིད་ལ་དམ་པོར་ཟུངས། བེའུ་རྫི་རྡ་རྡར་ཕུལ་བའི་ལམ་ཡིག་རིང་མོ།

འདི་དག་སྐད་འཕྲིན་གྱི་ཚོམས་ནས་འཐུ་ཞོར་བྷང་ལོར་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚིགས་སུ་ཞོགས་ཉི་དང་བསྡོངས་ནས་ཐོན་སོང་། བར་སྣང་དུ་ཞགས་ཀྱིས་ཁེངས་ཤིང་ཉེ་འཁོར་འཕྲུལ་སྒྲས་བཀང་བའི་ས་དེ་ནས་ཁང་བརྩེགས་ཀྱིས་མིག་ཟུང་རྒྱང་རིང་ལ་གཏོད་དུ་མི་འཇུག་ལ། གཡས་གཡོན་དུ་འགྲོ་འོང་གི་འཚང་ཁ་རབ་ཏུ་རྒོད།

མའི་སོར་ལ་འགྲོ་བའི་ལམ་ཁར།
༢༠༡༤།༠༥།༡༨ཉིན།  དེ་རིང་མེ་འཁོར་ནང་ན་མའེ་སོར་ལ་འགྲོ་བཞིན་ཡོད། ཡ་མཚན་ཞིག་ལ་མེ་འཁོར་འདིས་གད་སྙིགས་ཕོད་ས་རྐྱང་རྐྱང་རྒྱུད་ནས་བྷང་ལོར་གྱི་མཐའ་ལ་གཏུགས་སོང་། མི་རྣམས་ཀྱིས་ཁ་བསུམ་སྣ་བསུམ་བྱེད་ཀྱིན་པའི་རྣམ་པ་མཐོང་དུས་གད་སྙིགས་འདི་དག་གི་འབྱུང་ཁུངས་ངོས་ཟིན་གྱི་མེད་པ་འདྲ། འདི་ལྟར་ལྟོས་ཚོད་ཀྱིས་མིས་རང་ཉིད་རྫོབ་རོ་བྱས་ཏེ་རང་ཉིད་ལ་འཕྱ་བ་དང་མཚུངས་ཤིང་། མེ་འཁོར་གྱི་བགྲོད་ལམ་ཡོད་ཚད་གད་སྙིགས་ལ་གཏད་ཡོད་པའི་རྣམ་པ་འདི་ལས་མི་ཐམས་ཅད་འགྲོ་རྟ་ཐོག་དང་འདུག་གདན་ཐོག་ཡིན་རུང་། ས་ཐོག་ན་ཁོ་ཚོའི་གད་སྙིགས་གིས་ཁོ་ཚོ་ལ་སུན་པོ་བཟོ་བཞིན་འདུག་ལ། ཁོ་ཚོས་ཁ་བསུམ་སྣ་བསུམ་ཀྱིས་གཙང་མདོག་བྱེད་ཀྱིན་འདུག  འདི་ནི་དངོས་ནས་གད་མོ་ཤོར་བའི་སྣང་ཚུལ་དངོས་ཤིག་རེད།

བྷང་ལོར་གྱི་གནམ་གཤིས་ནང་དུ་བརླན་གཤེར་གྱི་མཁའ་དབུགས་མི་ལྡན་པས་མི་ཚང་མའི་ངོ་མདངས་ལ་ནག་ཤས་འདྲེས་ཤིང་། གནམ་གཤིས་ཀྱི་ཚ་དྲོད་དེ་འདྲའི་ཚ་ཐག་ཆོད་ཅིག་མིན་རུང་རླངས་འཁོར་གྱི་རྟུག་དྲི་མང་རྐྱེན་དང་། ཡང་མིན། ཁོར་ཡུག་ལ་ཞིང་ཁ་དང་སྡོང་བོ། མེ་ཏོག་གི་སྐྱེད་ཚལ་མེད་པར་ཁང་བརྩེགས་ཀྱི་འགྲན་བསྡུར་རྒོད་པས་ཡིན་པ་འདྲ། གང་ལྟར་ཁམས་དྭངས་ཤིག་མ་རེད་ལ། ཆུ་རེ་ཉོས་ནས་སྐོམ་རེ་གསད་ཅིང་། སིལ་ཏོག་འདྲ་མིན་དང་བཏུང་ཆུ་འགའ་ཤས་ཀྱིས་ལྟོགས་མགོ་གནོན་བཞིན་འགྲུལ་བཞུད་བྱེད་ཀྱིན་ཡོད།

གྲོང་ཁྱེར་ནས་འཆམ་འཆམ་ལ་འགྲོ་སའི་ཚོང་ཁང་ཆེན་པོ་དང་གློག་བརྙན་ལ་ལྟ་ས། དེ་མིན་མིས་བཟོས་སྐྱེད་ཚལ་ཁ་ཤས་སོགས་ཀྱིས་ངའི་ལྷན་སྐྱེས་སུ་མངའ་བའི་རང་བྱུང་ཁམས་ཀྱི་མཛེས་པ་དངོས་ནས་རྙེད་ཐབས་མེད་ལ་དེ་ཡི་ཚབ་དོད་ཅིག་རག་ཚོད་ཡང་མ་རེད། དེ་བས་ང་རང་གྲོང་ཁྱེར་ལ་ཡིད་ཐང་ཆད་ཐལ། གྲོང་ཁྱེར་ནས་མི་དག་ཡོན་ཏན་པ་ཡིན་ཟེར་ཡང་མགོ་སྒུར་ནས་ནང་ལ་སླེབས་པ་དང་། མགོ་སྒུར་ནས་ལས་ཁུངས་སུ་འགྲོ་བ་མ་གཏོགས་ཅང་མི་ཤེས་པ་འདྲ་ལེ། ཤེས་ཡོན་གྱིས་ཁོ་ཚོ་བཀོད་སྤྱོད་བྱེད་པ་དང་ཧ་ཅང་མཚུངས་ཤིང་། ཁོ་ཚོས་ཤེས་ཡོན་ལ་དོ་སྣང་བྱེད་མོད། ཤེས་ཡོན་གཅིག་པུས་ལམ་ལ་བཅུག་བཞག་ཡོད་པའི་སྣང་ཚུལ་འདིས་གྲོང་ཁྱེར་གྱི་ཤེས་ཡོན་པ་དག་དེབ་ཀློག་བག་ཆགས་ཀྱིས་མགོ་འཐོམས་སྦྲིད་འཐོམས་སུ་གྱུར་ནས་ཡོད་པ་མང་བ་འདྲ་ལེ།

ད་ནི་གྲོང་ཁྱེར་བྷང་ལོ་དང་རིང་དུ་ཕྱིན་པ་འདྲ། མེ་འཁོར་གཡས་གཡོན་གྱི་སྒེའུ་ཁུང་ལས་མིག་ལམ་དུ་འཕྲོས་པ་དག་ནི་ཞིང་ཁ་སྔོ་ལྡེམ་ལྡེམ་དང་ཤིང་ནགས་ཀྱི་ཚལ་ཡིན་པས་ན། རླུང་བུའི་དྲིར་ཡང་སྣ་ལམ་ནས་ཞིམ་ཤ་ཡོད་པ་དང་། ཁ་སྣ་བསུམ་པའི་འགྲུད་བཞུད་པ་རྣམས་ཀྱི་མིག་རྡོ་ཟུང་ཡང་སྒེའུ་ཁུང་ནས་ཕྱིར་བཏོན་ཐབས་བྲལ་ཏེ་ནགས་ཚལ་དང་ཞིང་ཁའི་ཀློངས་སུ་ཡན་པར་བལྟས། ཁོ་ཚོ་རང་བྱུང་ཁམས་སུ་དུངས་ཤ་ཆེ་ཞིང་། སེམས་ཀྱི་དགའ་སྐྱོ་ཉིས་ཆ་རང་བྱུང་ཁམས་ཀྱི་ངོས་སུ་ག་ལེར་སིམ་བཞིན་པ་ཤེས་ཐུབ། དེ་བས་བསམ་ཚུལ་ཅིག་ལ་རང་བྱུང་གི་སྐྱེད་ཚལ་ནི་མིའི་རིགས་ཀྱི་ཆེས་རླབས་ཆེ་བའི་སེམས་ཁ་གསོ་སྤྱད་ཅིག་ཡིན་པ་ཚོར་ལ། ནམ་ཞིག་གི་མི་དག་གིས་རང་བྱུང་ཁམས་རི་མོ་ལས་མ་གཏོགས་དངོས་སུ་མཐོང་དཀའ་བའི་སེམས་འཚབ་ཅིག་ཀྱང་སླེབས་སོང་།

མའི་བསོར་གྱི་མཚོ་ཁ།
༢༠༡༤།༠༥།༡༩ཞོགས་པར། ཞོགས་པའི་ཉི་གཞོན་གྱིས་ས་གཞི་ལ་ཐོག་མའི་འོ་མ་བྱས་གོང་ནས་ཡར་ལངས་ཤིང་། འཕྲུལ་རྟ་ཆུང་ཆུང་ཞིག་ལ་བཞོན་ནས་ངེད་གཉིས་ལམ་ལ་ཆས། གཡུ་མདོག་གི་རྩྭ་ལོ་དང་ཤིང་སྡོང་གི་ཚོགས་ཀྱིས་སྔོ་ཞིང་དྭངས་བའི་མཚོ་འགྲམ་ལ་བརྒྱན་འདུག་ཅིང་། མཚོ་མཐའ་ན་ཞོགས་རྩལ་ལ་རོལ་བའི་འདུར་རྒྱུགས་བྱེད་མཁན་གྱི་མི་རྣམས་མཚེའུ་འདི་ལ་ཇི་འདྲའི་དུངས་པ་ཆེན་པོ་ཞིག་འདུག་ཨང་། ངེད་གཉིས་ཀྱིས་ཀྱང་པར་ཆས་མཚོ་མོ་འདིའི་གང་སར་བསྡབས་ནས། ཞོགས་དབུགས་དང་འགྲོགས་པའི་མཚོ་མོའི་མཛེས་ལྗོངས་ལ་སེམས་པ་བརླན། བྱ་རིགས་དཀར་པོ་ཞིག་གིས་མཚོ་དཀྱིལ་གྱི་གླིང་ཕྲན་ལྟ་བུའི་དེའུ་འབུར་སྒང་གི་སྔོ་ལྗང་གི་སྡོང་པོའི་ཡལ་ག་ལག་དང་། ལོ་མ་མཐུག་པོའི་ཐོག་བབས་ཡོད་པ་ནི་མུ་ཏིག་གི་རྒྱན་ཆས་སྤྲས་པ་དང་ཀུན་མཚུངས།

ཆུ་ཚོད་གཅིག་རིང་ལ་མཚོ་མཐའ་ཡོངས་སུ་སྐོར་ནས་རྫོགས་སོང་བས་ཉིན་མོ་འདིའི་ཞོགས་པར་ངེད་གཉིས་ཀྱི་ཚོར་བ་ནི་མཚོ་མོ་དེའི་མཛེས་ལྗོངས་ཀྱིས་བཏུམས་པ་ཞིག

ཙ་མུན་ཏྲ་རི་བོར་བསྐྱོད་པ།
ཕྱི་ཚེས་༡༩ ཕྱི་དྲོ། ཙ་མུན་ཏྲ་རི་བོ་ནི་མའེ་སོར་གྱི་རི་བོ་གྲགས་ཅན་ཞིག་དང་། གཏམ་རྒྱུད་ཅན་ཞིག་ཀྱང་ཡིན་འདུག་ལ། ས་གནས་འདི་གའི་ཡུལ་མི་དག་གིས་སྤྱི་ཟླ ༡༠-༡༡ བར་དུ་ཟླ་གཅིག་གུང་གསེང་ལ་རོལ་བའི་སྲོལ་ཞིག་དང་། ཆེས་ཐུང་ནའང་ཉིན་བཅུའི་རིང་ལ་གུང་གསེང་བྱེད་པའི་སྲོལ་འདུག རྒྱུ་མཚན་ཙ་མུན་ཏྲའི་རི་མགོར་ལྷ་གླང་སྣ་ཅན་ཞིག་འདུག་ཅིང་། དེའི་ལག་པ་གཡས་པར་དཔའ་དམ་གནམ་ལ་འཕྱར་བ་དང་། གཡོན་པར་སྦྲུལ་གྱི་མགོ་བོར་འཇུས་ནས་ཡར་བཀྱགས་ཡོད་པ་ཞིག་འདུག་ཅིང་། ཡུལ་མིའི་བཤད་སྲོལ་ལ་ལྷ་འདིས་སྔོན་མ་ཞིག་ལ་ཡུལ་གྲུ་འདིར་འདྲེ་གདོན་དག་ལ་ཉིན་དགུའི་རིང་འཐབ་པར་ཉིན་བཅུ་བར་རྒྱལ་ཁ་ཐོབ་པ་དང་། དེ་ནས་བཟུང་ལུང་པ་འདི་ཞི་བདེ་འབྱོར་ཕྱུག་ཅན་དུ་གྱུར་བར་བཤད་ཀྱི་འདུག   དེ་ནས་ཕར་ཕྱོགས་སུ་སོང་ན། ལྷ་ཁང་གི་རྣམ་པའི་གནའ་མཁར་ཐོག་བརྩེགས་ཡོད་པ་དེ་མཐོང་ལམ་ལ་ཤར་ཡོང་།

རི་བོ་འདིའི་མགོ་ནས་གཡས་ཡོན་ལ་བལྟས་ཚེ། མའེ་སོར་མངའ་ཁུལ་ནི་ལག་མཐིལ་ལ་བླངས་པ་ལྟ་བུའི་ཚོར་བ་བྱུང་ཞིང་། མཐོང་སྣང་འདིས་ངའི་ཕ་ཡུལ་རྩེ་ཁོག་རྫོང་གི་སྐྱིད་པོ་རིས་སྒང་ནས་རྫོང་གི་ཁང་བརྩེགས་ཡོད་ཚད་ལག་མཐིལ་ལ་བླངས་པ་ལྟ་བུའི་རྣམ་པ་དེ་ཅིག་ཅར་ཡིད་ལ་འཁོར་ནས་ཡུད་ཙམ་རིང་ཕ་ཡུལ་གྱི་རྣམ་པ་ཡིད་ལ་དྲན་གསོ་ཞིག་བྱས་པ་ཡིན། ཉིན་འདིར་ང་གཉིས་ཀྱིས་དགའ་དགའ་སྐྱིད་སྐྱིད་ཀྱིས་པར་ཆས་ཡར་སྐོར་མར་སྐོར་བྱས་ཤིང་།  གྲོངས་ངེར་བཞེངས་ཡོད་པའི་ལྷ་དེ་ནི་པར་ཆས་ཀྱི་མིག་ལ་མ་སོང་བའམ་པར་རྒྱག་མཁན་དེའི་མཛེས་དཔྱོད་ཀྱི་ཚོར་བ་བསྐོར་སྟངས་ཤིག་གིས། ལན་རེར་ལྷ་དེ་གླང་རྫི་རུ་ཆགས་པ་དང་སྐབས་འགར་ངས་ཁོ་རང་གི་འགྲམ་རྩར་ཁུ་ཚུར་བརླན་པ་ལྟ་བུའི་པར་བཏབས་པ་འདི་ལས། ཡུལ་སྐོར་ཁྲི་སྟོང་མང་པོའི་ཁྲོད་ནས་ཉིན་འདི་ལ་ངེད་གཉིས་ཀྱིས་ལྷ་འདི་ལ་ཀུ་རེ་ཡག་ཐག་ཆོད་ཅིག་རྩེད་པ་ཡིན་ལ། ཁོ་ལ་ཀུ་རེ་སློང་མཁན་གྱི་ཡུལ་སྐོར་བ་ཐོག་མ་ཡང་ཡིན་སྲིད། ད་རུང་ཁོ་རང་ལ་མ་རྩེད་པར་དད་གུས་དང་མཚར་སྣང་གི་ཡུལ་སྐོར་བ་གང་མང་མང་གི་གྲལ་ནས་ངེད་གཉིས་ནི་ལྷ་འདི་ལ་དགོད་སྒྲ་དངོས་སློང་མཁན་ཞིག་ཏུ་གྱུར་ཡོད་པའི་སེམས་ཚོར་མཆིས་སོང་།

ཆུ་ཚོད་ཀྱི་དབང་གིས་རི་ལས་འབབ་དགོས་སོང་བས་སྤྱི་སྤྱོད་རླངས་འཁོར་ ༢༠༡ ལ་འཚང་ཁ་དང་བཅས་ཏེ་སྡོད་གནས་སུ་ཐོན་དུས་དགོང་མོའི་ཆུ་ཚོད་༨ རེད།

སེ་ར་ཐེག་ཆེན་ཆོས་གླིང་དུ་སྐོར་ཉུག་བྱས་པ།
༡༠༡༤།༠༥།༢༠ཕྱི་དྲོ། ངོ་ཐུག་མ་མྱོང་ཞིང་སྐད་འཕྲིན་ནང་དུ་ངོ་ཤེས་མྱོང་བའི་འབྲོང་རི་ལྡོམ་དང་མྱི་དགྱེ་བ་གཉིས་སུ་དངོས་ཐུག་གི་སྐབས་བྱུང་ཞིང་། ཀུ་རེ་དང་ཀུ་ཡངས་ཀྱི་བསམ་བློ་མཆིས་པའི་དགེ་འདུན་པ་ཁོང་གཉིས་ཀྱིས་དགོན་ཆེན་འདིའི་ས་གནས་གལ་ཆེན་དག་ལ་སྣེ་ཁྲིད་ཀྱིས་པར་བཏབ་ཞིང་། དེ་འབྲེལ་གྱིས་འགྲེལ་ཐུང་རེ་བསྐྱོན་པར་ངལ་བ་བྱས་མ་སོང་། སེ་ར་སྟོད་སྨད་བར་གསུམ་ཉུལ་ནས་ཚར་མ་ཐག་ཉི་མས་ཡང་ཕྱི་མིག་རི་རྩེ་ན་ལྟོས་འདུག་ལ། སྔོན་ཆད་ནོར་གླིང་མཐོ་སློབ་གཅིག་པའི་ཨ་ཁུ་བློ་བཟང་ཚེ་རིང་ལགས་སུ་དངོས་ཐུག་གིས་ཤ་མོག་རྒྱག་ཐག་ཆོད་ཅིག་ཟོས་ཏེ། བྷེ་ལ་ཀོབ་པེ་ཡི་གཞིས་ཆགས་ཀེམ་གསུམ་པར་ཟ་ཁང་བཟུང་ཡོད་པའི་ཕ་ཡུལ་གཅིག་པའི་བློ་བཟང་རྒྱགས་པའི་ནང་ལ་སླེབས་སོང་། ཕྱི་ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༠༠ ཐོག་ལ། རྙིང་དགོན་རྣམ་གྲོལ་གླིང་དུ་སོང་ནས་པར་ཆས་ཀྱི་མཆུ་ཏོ་ཡར་སྐོར་མར་སྐོར་འགའ་བྱས་པ་ཡིན། དེ་ནས་ཕྱིར་མའི་སོར་ལ་ལམ་ཆས་བྱས་པ་ཡིན།

མའི་སོར་རྒྱལ་ཁང་དུ་ལྟ་སྐོར་ལ་ཕྱིན་པ།
༢༠༡༤།༠༥།༢༣ཉིན། མི་རེར་ཧིན་སྒོར་བཞི་བཅུ་དགོས་པའི་འཛིན་བྱང་ཉོས་ཏེ་སྒོ་ཆེན་ནང་འཛུལ་བྱས་ཡིན། རྒྱལ་ཁང་གི་ནང་དུ་མངའ་བདག་གི་ཅ་ལག་དང་གཟུགས་རིས་དག་བཤམས་ཏེ་དངོས་མང་བཤམས་སྟོན་ཁང་བྱས་ཡོད་ཡོད་ལ། ཆུ་ཚོད་གཅིག་ལྷག་འགོར་བའི་རྒྱལ་ཁང་ནང་གི་ལྟ་སྐོར་ལས། གསེར་དངུལ་ཟངས་ལྕགས་ཀྱིས་གྲུབ་པའི་རྩ་ཆེན་གྱི་རིགས་དང་། འགྱོག་ཤིང་དང་ཤིང་རྟ་འཁོར་ལོའི་རིགས། གཟིམས་ཁྲི་དང་བཞུགས་ཁྲི་སོགས་འདྲ་མིན་ཞིག་འདུག་ལ། གྱང་ངོས་ཀྱི་ལྡེབས་རིས་དག་ལ་ལྟོས་ན་རྒྱལ་བོ་འདིས་གཡུལ་འཁྲུག་མང་པོ་ཞིག་རྒྱབ་མེད་པ་འདྲ། དམག་འཁྲུག་གི་རྣམ་པར་བྲིས་བའི་ལྡེབ་རིས་གཅིག་ཀྱང་མཐོང་མ་སོང་མོད། མདའ་མདུང་དང་རལ་གྲི་ཁ་ཤས་ཤིག་མཐོང་སོང་བ་དེ་ཡང་རྒྱལ་པོ་སྲུང་སྐྱོབ་བྱེད་སྤྱད་གཅིག་པུ་དེ་ལོས་ཡིན་བསམ་སོང་། འདིའི་ནང་དུ་རྩ་ཆེན་ཞིག་ཡོད་པ་ནི་གསེར་གྱི་ཁྲི་དང་དངུལ་གྱི་སྒོ། བ་སོའི་མཐའ་རྒྱན་ཅན་གྱི་མེ་ལོང་སོགས་ནི་གལ་ཆེན་ཞིག་ཡིན་པར་བསམ། ས་འདིར་ལྟ་སྐོར་བ་འཚང་ཁ་རྒོལ་ལ་དེ་ཡང་རྒྱ་གར་རང་གི་མི་རིགས་མ་གཏོགས་ཕྱི་རྒྱལ་བ་མཐོང་བར་ཧ་ཅང་དཀོན་པོ་རེད། ཉིན་འདིར་ངེད་གཉིས་གཅིག་པུ་ལས་ཕྱི་རྒྱལ་བ་ཞིག་མེད་པར་ལབ་ཆོག་པའི་ཤོབ་བཤད་བྱས་ན་མི་ཆོག་པ་མི་འདུག

གཙུག་ལག་རམས་འབྱམས་པ་ཞིག་གི་མཐར་ཕྱིན་མཛད་སྒོ།
༢༠༡༤།༠༥།༠༢༥ཉིན། དབྱིན་ཇིའི་ཁྲིམས་རྩོད་པའི་ཞིབ་འཇུག་སློབ་ཐོན་བྱུང་པའི་རིག་འཛིན་དབང་མོ། Chris university སློབ་ཆེན་ལས་ཁྲིམས་ཞིབ་གཙུག་ལག་རམས་འབྱམས་པའི་ལག་ཁྱེར་བླངས་པ་དང་། སློབ་གྲྭ་འདིར་བོད་ཀྱི་སློབ་མ་ཧ་ཅང་ཉུང་ལ་མོ་རང་གིས་རྒྱ་གར་གྱི་གྲོགས་མོ་ཞིག་ལ་རྒྱ་གར་གྱི་བུད་མེད་ལྭ་བ་དཀར་པོ་སེར་ཤ་འདྲེས་པ་ཞིག་གོན་དུ་བཅུག་ནས། སློབ་གྲྭ་དེའི་སློབ་ཐོན་པས་ཆེད་དུ་གྱོན་དགོས་པའི་ལྭ་ནག་འཕུར་ལོ་དང་། ཞྭ་མོ་མདའ་རུ་ཅན་ཞིག་གྱོན་ནས་ཉིན་དེའི་མཛད་སྒོ་རུ་ཞུགས་སོང་། ང་དང་མོའི་གྲོགས་པོ་གྲོགས་མོ་འགས་མཉམ་དུ་མོ་རང་གི་རྒྱལ་ཁའི་དུས་བཟང་ཉིན་མོར་བསུ་བ་དང་། སློབ་ཆེན་དེའི་ཁོར་ཡུག་ལས་པར་བསྒྲོན་པ་བཅས་བྱས།

༸ཏཱ་ལའི་བླ་མ་མཐོ་སློབ་ཏུ་འབྱོར་བ།
༢༠༡༤།༠༥།༢༨ཉིན།   སློབ་ཕྲུག་ཉིས་བརྒྱ་བདུན་ཅུ་ལྷག་དང་དགེ་རྒན་༤༠ལྷག་ཡོད་པའི་ཏཱ་ལའི་བླ་མ་མཐོ་སློབ་ཏུ། སྡེ་ཚན་ཆེ་ཁག་ལྔ་ཡོད་འདུག བོད་ཡིག་སྡེ་ཚན། གློག་ཀླད་སྡེ་ཚན། དབྱིན་ཇིའི་སྡེ་ཚན། རྒྱ་ཡིག་སྡེ་ཚན། དཔལ་འབྱོར་སྡེ་ཚན་བཅས་དང་། རྒྱ་གར་མའི་སོར་མཐོ་སློབ་ཀྱི་ཁྱབ་ཁོངས་ཏུ་ཡོད་པ་མ་ཟད། ད་ལོ་རྒྱ་ཡིག་དང་བོད་ཡིག་སྡེ་ཚན་གྱི་སློབ་ཐོན་ལག་ཁྱེར་ཡང་། རྒྱ་གར་མའི་སོར་མཐོ་རིམ་སློབ་གྲྭའི་ངོས་འཛིན་འོག་ཏུ་འགྲོ་གིན་ཡོད་པ་ཞིག་རེད་འདུག

སློབ་གྲྭའི་ཁོར་ཡུག་གི་རྒྱ་ཁྱོན་ཧ་ཅང་ཆེ་ཞིང་། ཁོར་ཡུག་ཕྱེད་ཀར་གཞིས་ཆགས་སྲ་གཏན་ཞིག་རྒྱགས་པའི་ལས་འཆར་ཡོད་པ་གོ་ཐོས་བྱུང་མྱོང་། དེ་མིན་སློབ་གྲྭའི་ཁོར་ཡུག་དེའི་ས་དུམ་བུ་ཞིག་བོད་ཀྱི་སྨན་རྩིས་ཁང་ལ་བཙོང་བཞག་ཡོད་པ་བཤད་ལ། ད་རུང་ཁང་པ་རྒྱབ་མི་འདུག

སློབ་སྤྱི་བུ་མོ་ཚེ་རིང་མཆོག་གིས་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སྐོར་གསུངས་དོན།
༢༠༠༨ ལོར་བོད་ཁྱིམ་སློབ་གྲྭའི་ངོས་ནས་མགོ་འཛུགས་གནང་བ་དང་། ཐོག་མར་བོད་ཁྱིམ་མཐོ་སློབ་ཟེར་ཞིང་། ༢༠༠༩ ལོའི་སྤྱི་ཟླ་༠༢པའི་ནང་དུ། ༧གོང་ས་མཆོག་འདི་ལ་ཆིབས་བསྒྱུར་གྱིས་དབུ་འབྱེད་གནང་བའི་སྐབས་དེར་བོད་ཁྱིམ་གྱི་ངོས་ནས་༧སྐྱབས་མགོན་རིན་པོ་ཆེའི་མཚན་བྱང་ལ་བཀའ་ཁྲོལ་ཞུས་ཏེ་ཏཱ་ལའི་བླ་མ་མཐོ་སློབ་གྱི་མཚན་བྱང་གནང་རེད།

མཐོ་སློབ་འདིར་སྡེ་ཚན་ལྔ་ཡོད་པའི་ནང་ནས་ད་ལྟའི་ཆར། རྒྱ་གར་མའི་སོར་གཙུག་ལག་སློབ་གྲྭར་དེབ་བསྐྱེད་བྱས་བཞག་ཡོད་པའི་སློབ་ཚན་བརྒྱད་ཅིག་ཡོད་པ་དེ་ལ་མའི་སོར་རམས་འབྱམས་པའི་ལག་ཁྱེར་(B.A)སྤྲོད་ཀྱི་ཡོད། དེ་ནང་བཞིན་ཚོང་འབྲེལ་གྱི་སྡེ་ཚན། གློག་ཀླད་སྡེ་ཚན་གསུམ་དེ་ནི་ལོ་གསུམ་གྱི་འཆར་གཞི་རེད། ལོ་རེར་སྡེ་ཚན་རེར་སློབ་མ་༥༠་རེ་བསྡུ་བཞིན་ཡོད། དེ་མིན་བོད་ཡིག་དང་རྒྱ་ཡིག་སྡེ་ཚན་གཉིས་ལོ་བཞིའི་འཆར་གཞི་ཡིན།

༢༠༠༨ལོར་མའི་སོར་གཙུག་ལག་སློབ་གྲྭའི་ངོས་ནས་ཁོང་ཚོའི་འདོད་པ་དང་མཐུན་པའི་སྡེ་ཚན་གང་ཡིན་ཡང་ངོས་ལེན་བྱེད་ཀྱི་ཡིན་པའི་ལས་འཆར་གསར་བ་ཞིག་མགོ་འཛུགས་བྱས་པར་བརྟེན། ༢༠༡༣ལོའི་༠༤ད་རེས་༢༠་ནང་ངོས་ལེན་དང་སྤྱི་ཟླ་༠༨པའི་ནང་ལ་བོད་རྒྱ་གཉིས་ཀྱི་སྡེ་ཚན་ལ་ཁོ་རང་ཚོས་ཞིབ་འཇུག་གིས་ངོས་ལེན་བྱས་པ་ཞིག་དང་། དེ་མིན་མཐོ་སློབ་འགྲོ་དུས་ཕྱི་རྒྱལ་སྐད་ཡིག་དང་རྒྱ་གར་རང་གི་མངའ་སྡེའི་སྐད་ཡིག་གཉིས་སྦྱང་དགོས་པ་དེའི་ཚབ་དུ་ང་ཚོའི་མཐོ་སློབ་ཏུ་བོད་ཡིག་བཞག་ཆོག་པར་བྱས་ཡོད་རེད།

སྡེ་ཚན་འདི་གཉིས་ཀྱི་ཉིན་རེའི་སློབ་ཁྲིད་ཀྱི་བྱེད་སྒོ་དང་ཡིག་ཚད་བཟོ་སྟངས་སོགས་ང་ཚོ་རང་ངོས་ནས་བཟོས་ཏེ་མའི་སོར་གཙུག་ལག་སློབ་གྲྭའི་ཤེས་ཡོན་ལྷན་ཚོགས་སུ་ཕུལ་དགོས་པ་དང་། དེ་བཞིན་སྡེ་ཚན་འདི་གཉིས་ཀྱི་ལག་ཁྱེར་དེ་ཡང་ང་ཚོ་གཉིས་ཟུང་འབྲེལ་གྱིས་གནང་ཡོད། རྒྱུ་མཚན་ནི་མའི་སོར་གཙུག་ལག་སློབ་གྲྭར་སྡེ་ཚན་འདི་གཉིས་མེད་པས་ན། ཏཱ་ལའི་བླ་མ་གཙུག་ལག་སློབ་གཉེར་ཁང་གི་མའི་སོར་གཙུག་སློབ་གྲྭའི་ངོས་འཛིན་ཡོད་པའི་ལག་ཁྱེར་སྤྲད་ཀྱི་ཡོད་པར་བྱས་ཡོད།

སྔོན་མ་སློབ་ཕྲུག་འདིར་ཡོང་མཁན་མ་རག་པའི་དཀའ་ངལ་འདྲ་ཚོར་སོང་། ད་ལྟ་ས་མིག་ལས་བརྒལ་བའི་སློབ་ཕྲུག་མང་རུ་འགྲོ་གི་འདུག  དཀའ་ངལ་ཆེ་ཤོས་ཏེ་རྒྱ་ཡིག་དགེ་རྒན་མ་རག་པའི་དཀའ་འདུག རྒྱ་ཡིག་སྦྱང་མྱོང་མེད་པ་དེ་དག་ལ་རྒྱ་ཡིག་བསླབ་དགོས་པ་དང་། བོད་ཡིག་རིག་གནས་རམས་འབྱམས་པ་རྣམས་པར་མགོ་སྟོད་ཀྱི་ལོ་གཉིས་རིང་རྒྱ་ཡིག་སློབ་ཀྱི་ཡོད་རེད། རྒྱ་ཡིག་སྒང་ནས་རམས་འབྱམས་པ་ཐོན་རྒྱུ་དེ་དག་ལ་དངོས་ནས་རམས་པའི་སློབ་ཁྲིད་བྱེད་དགོས་པས་ལོ་རེར་ཐེ་ཝན་གྱི་རྒྱ་ཡིག་ཆེད་མཁས་དྭང་བླང་བ་ཞིག་ཡོད་རེད། ནམ་རྒྱུན་དང་བླང་བར་བརྟེན་ནས་འདུག་ཚོད་དཀའ་བ་ཡིན་པས་སློབ་ཕྲུག་འགའ་ཚད་ལྡན་གྱི་སློབ་གྲྭ་ཞིག་ཏུ་བཏང་ནས་སྤྱི་ཚོགས་སུ་དགོས་མཁོ་ཆེ་བའི་མི་སྣ་ཞིག་བསྐྲུན་པའི་འཆར་གཞི་འཐེན་བཞིན་ཡོད།

ཨེ་ཀ་༡༦༣ལྷག་ཅིག་ཡོད་པའི་ས་ཆ་འདིའི་བརྒྱ་ཆ ༤༥ དེ་མཐོ་སློབ་རང་གི་ངོས་ནས་བེད་སྤྱོད་དང་། ཕྱེད་ཀ་དེ་ནི་བོད་ཁྱིམ་རང་གི་ཆ་ཤས་བོད་པའི་གྲོང་སྡེ་ཟེར་བ་ཞིག་འཛུགས་པའི་འཆར་གཞི་ཡོད་ས་རེད་འདུག


༢༠༡༤།༠༩ནང་བསྐྱར་བཅོས་བྱས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།