བོད་ཀྱི་སྙན་ངག་པའི་མཚན་མོ།

ཐེའུ་རང་།

སྤྱི་ལོ༢༠༡༤ལོའི་ཟླ་༨པའི་ཚེས༡༣ཉིན།ཐང་སྐོར་གྱི་ཆུ་ཁ་ཞིག་ནས་གློ་བུར་དུ་གུར་ཁྲ་ཁྲ་ཞིག་བརྒྱབས།དེའི་ནང་དུ་པགས་པའི་སྟན་བཏིངས།སྒོ་ཁ་ནས་མྱེ་བོས།ནང་ནས་དཀར་མེ་བཀར།དེའི་མཐའ་རུ་སྙན་ངག་ལ་དགའ་དད་ཡོད་མཁན་མི་མགོ་ལྔ་འདུས་ཏེ་སོ་སོའི་སྙན་ངག་དག་རེས་དང་རེས་ཀྱིས་གྱེར་འདོན་བྱས་ཤིང་།

གང་བསམ་བསམ་གྱིས་ཁ་བརྡ་གློད། དེ་ནི་མཚན་མོ་ཞིག་ཡིན།མཚན་མོ་དེ་ལ་ཁོ་པ་ཚོས༼བོད་ཀྱི་སྙན་ངག་པའི་མཚན་མོ༽ཞེས་མིང་བཏགས། རེད་དེ།ང་ཚོའི་རྐང་འོག་གི་ས་གཞི་འདི་ག་དུས་ཡང་མཚན་མོར་གནས་པ་ཞིག་རེད། མཚན་མོ་ནི་སྨག་ནག་པ།ལྷིང་འཇགས་པ།མི་མངོན་པའི་འཇིགས་སྐྲག་ཞིག་རེད། དེ་ལྟ་ནའང་།ང་རང་ཚོ་མཚན་མོར་གནས་པ་གོམས་ཐལ་བས་མཚན་མོའི་འཇིགས་སྐྲག་ཧ་གོ་ཡི་མི་འདུགང་རང་ཚོས་སྨག་ནག་གི་མཚན་མོར་དབང་བོ་རྣམ་རིག་ཡོད་ཚད་རུལ་སུངས་སུ་བཏང་ནས་གཉིད་པ་དང་།དུབ་པ།ལུག་པ་ཁོ་ནར་བཟོས་པ་ལས།མཚན་མོའི་སྨག་ནག་གི་འཇིགས་པ་ལ་གདོང་གཏད་ནས་ཤེས་རབ་དང་། རྣམ་དཔྱོད། བརྩེ་དུང་། ཆགས་སྡང་། དཔའ་སྤོབས་སོགས་མེ་རུ་སྦར་བར་མི་སྤྲོ།དེ་ནི་མཚན་མོ་ཇེ་ནག་ནག་ཇེ་ནག་ལ་འགྲོ་བའི་རྒྱུ་རྐྱེན་ཡང་རེད།

དོ་ནུབ།ངེད་ཅག་མི་མགོ་ལྔ་སྙན་ངག་གི་ངོས་ནས་འདུས་པར་རྒྱུ་རྐྱེན་མེད་པ་མ་ཡིན། མཚན་མོ་ཞིག་ལ་འདུས་པར་རྒྱུ་རྐྱེན་མེད་པ་ལྷག་ཏུ་མ་ཡིན། སྒོ་ནས་མེ་སྦར་པ་དང་། ནང་ནས་དཀར་མེ་དཀར་བ་ལ་རྒྱུ་རྐྱེན་མེད་པ་མ་ཡིན།མཚན་མོ་འདི་ལ༼བོད་ཀྱི་སྙན་ངག་པའི་མཚན་མོ༽ཞེས་མིང་བཏགས་པ་ལ་རྒྱུ་རྐྱེན་མེད་པ་དེ་བས་ཀྱང་མ་ཡིན།དོ་ནུབ་ཀྱི་མཚན་མོ་འདི།ངེད་ཅག་མི་མགོ་ལྔ་བོའི་མཚན་མོ་ཙམ་མ་ཡིན་ཏེ།འདི་ནི་བོད་ཀྱི་སྙན་ངག་པ་ཡོངས་ཀྱི་མཚན་མོ་ཡིན།སྨག་ནག་གི་མཚན་མོ་འདིས་ང་ཚོའི་འཚོ་སྡོད་མཚོན་ཆོགདེའི་ནང་ནས་མྱེ་སྦར་བས་ང་ཚོའི་ཕུགས་བསམ་མཚོན་ཆོགདཀར་མེ་དག་གིས་བོད་ཀྱི་སྙན་ངག་པའི་ལས་དབང་མཚོན་ཆོགཁྱོད་ལ་གོ་བ་ཡོད་ན།མཚན་མོ་འདིར་གོ་བ་ཧ་ཅང་གཏིང་ཟབ་མོ་ཡོད།

མཚན་མོ་འདི་བོད་ཀྱི་སྙན་ངག་པའི་མཚན་མོ་ཡིན་ན།ངེད་ཅག་མི་མགོ་ལྔ་འདུས་པས་ག་ལ་མགུ་ག་ལ་ཆོགདེ་བས་ན།བོད་ཀྱི་སྙན་ངག་པའི་སྡེ་ཡི་སྙན་ངག་ལ་དད་དུང་ཟབ་མོ་ཡོད་མཁན།སྙན་ངག་ལ་སེམས་རྩེ་གཅིག་གིས་ཤ་ཚ་བློ་དཀར་ཡིན་མཁན།སྙན་ངག་དང་སྐྱིད་སྡུག་གི་གཏམ་རྒྱུད་མང་པོ་མྱངས་ཡོད་མཁན་གྱི་སྙན་ངག་པ་མི་མགོ་བཅུ་གསུམ་ལ་བརྡ་བརྒྱབས་ཏེ་ཚེས་བཅུ་གསུམ་ཉིན་ས་ཐོག་འདི་ནས་འཛོམས་རྒྱུ་བྱས་ཡོད་ནའང་།ཧ་ཅང་ཡིད་ཕངས་པ་ལ། ཁོ་པ་ཚོ་འདི་དང་གན་གྱི་བྱ་བ་དང་དུས་ཚོད་ཀྱིས་འདི་གར་མངགས་མ་སོང་། དེ་ལྟ་ནའང་།བོད་ཀྱི་སྙན་ངག་པ་ཡོད་ཚད་མཚན་མོར་གནས་ཡོད་པ་འདྲ་འདྲ་ཡིན་ནོ།། ཕྱི་དྲོའི་ཆུ་ཚོད་དྲུག་ཡས་མས་སུ་ངེད་ཅག་མི་མགོ་ལྔ་བོ་མཉམ་དུ་འཛོམས་བཞག མི་མགོ་ལྔ་བོ་ནི་གཅན་མེ་སྟགགཉན།འཐོར་རླུང་།ཐེའུ་རང་།མར་བཟའ་བློ་སྒྲོལ་བཅས་རེད། ཁོ་པ་ཚོ་ཐོན་མ་ཐོན་ནས་ཆར་བ་གཤེར་སོང་།ཆར་རླུང་ལྡང་བྱུང་།གུར་ནང་ལ་ཐིགས་ཆུ་བཞུར་སོང་། ང་ཚོས་གུར་སྟེང་ལ་ཆུ་ཤོག་ཆེན་པོ་ཞིག་བཀབས་ནས་བསྡད་པ་ཡིན། གནམ་ངོ་ཤིན་ཏུ་གནག་འདུགཡིན་ནའང་།གནམ་མཐའ་ག་ལེར་ག་ལེར་ཇེ་དྭངས་ལ་བུད་སོང་། ད་ལྟ་གནམ་ངོ་གནག་ཡོད་ནའང་། དོ་ནུབ་ཐང་རྒྱུ་ཡིན་པ་ང་ཚོས་ཤེས་ཡོད། དེ་ནི་ད་ལྟ་ང་ཚོ་མཚན་མོར་གནས་ནའང་སང་ཉིན་ནམ་ལངས་རྒྱུ་ཡོད་པར་ཡིད་ཆེས་ཏན་ཏན་ཡོད་པ་དང་གཅིག་མཚུངས་ཡིན།ང་ཚོའི་སྙན་ངག་དང་།ཕུགས་བསམ།རིག་གནས་ཀྱི་བདེན་པའི་མཐའ་ཡང་དོ་ནུབ་ཀྱི་གནམ་ངོ་བཞིན་ག་ལེར་ག་ལེར་གསལ་འོང་གི་རེད་ཨང་། ས་རུབ་པ་དང་མཉམ་དུ་ང་ཚོས་ཇ་འཐུང་བ་ཡིན།ཤ་ཁུ་ཞིམ་པོ་ཚ་ཁོལ་བོ་ཞིག་བསྐོལ་ཡོད། རྩམ་ཁུག་བཟུང་ཡོད། ཤ་མོག་དྲུག་ཅུ་དང་ཤ་རྒྱ་མ་ཁ་ཤས་བཙོས་ཡོད། རང་རང་གི་ཁམས་བཞིན་དུ་ཇ་འཐུང་བ་ཡིན།དེ་ནས་སོ་སོའི་མིང་རྟགས༼བོད་ཀྱི་སྙན་ངག་པའི་མཚན་མོར༽བཀོད་པ་ཡིན། དེ་ནས་མི་སོ་སོས་སྙན་ངག་རེ་རེ་གྱེར་བ་ཡིན། དེ་ནས་ཁ་བརྡ་གློད་པ་ཡིན།དོ་ནུབ་ཀྱི་ང་ཚོའི་འདུ་འཛོམས་ལ་བཀོད་སྒྲིག་རང་བཞིན་མེད། རང་བསམ་རང་མོས་ཡིན།མི་སུས་ཀྱང་སྐབས་དང་སྐབས་སུ་སྙན་ངག་གྱེར་བསམ་ན་ཐད་ཀ་ནས་གྱེར་བཞག་ན་ཆོག ང་ཚོས་སྙན་ངག་མང་པོ་གྱེར་བཞག ང་ཚོར་རྩོད་པ་མེད། ང་ཚོར་ཁ་བརྡ་སོས་དལ་བ།བག་ལྷོད་པ་བྱེད་རྒྱུ་ཡོད།ང་ཚོས་གུར་སྒོ་ཡི་མུན་ནག་ནང་ན་འབར་གྱིན་པའི་མེ་ཕུང་ལ་ལྟ་བཞིན་ལྟ་བཞིན་མཚན་མོ་གླེང་བ་ཡིན།བོད་ཀྱི་མཚན་མོ་གླེང་བ་ཡིན།བོད་ཀྱི་སྙན་ངག་པའི་མཚན་མོ་གླེང་བ་ཡིན།ཡང་ང་ཚོས་མདུན་གྱི་དཀར་མེ་ལ་ལྟ་བཞིན་ལྟ་བཞིན་སྙན་ངག་གླེང་བ་ཡིན།སྙན་ངག་གི་མཚན་མོ་དང་སྙན་ངག་པའི་ལས་དབང་དྲན་པ་ཡིན།ང་ཚོར་ལྟ་ཚུལ་མི་འདྲ་བ་ཁར་ཁེར་ཡོད་ནའང་།ང་ཚོར་ལྟ་ཚུལ་གཅིག་ཡོད་པ་ནི།བོད་ཀྱི་སྙན་ངག་པ་རྣམས་མཚན་མོར་གནས་ཡོད་པ་དང་།བོད་ཀྱི་སྙན་ངག་པ་རང་གི་རྐང་འོག་གི་ས་གཞིའི་ཁ་མདོག་དང་གྱེས་སོང་ན་ཚར་སོང་བ་ཡིན་པ་དེ་རེད་བཞག

ཕྱི་ཉིན་ནངས་ཀར།ང་ཚོས་རས་ཐང་གཞན་ཞིག་ཏུ་སོ་སོའི་སྐད་ཆ་ཐུང་ངུ་རེ་བྲིས་པ་ཡིན།གཅན་མེ་སྟག་གིས༼ཉི་མ་ལྷ་མོ་གནས་ལ་འགྲོ་བའི་སྐེ་རྒྱན་རྡོ་རེད།།ཧྭ་པ་ཧྥེ་ཧྥེ་ཁྲོམ་དུ་འགྲོ་བའི་སྐེ་རྒྱན་གསེར་རེད།།འཇུ་སྐལ་བཟང་གི་སྙན་ངག་ཅིག༽ཅེས་བྲིས།གཉན་གྱིས༼མ་འོངས་པར་གནས་ཚུལ་ཇེ་ཡག་ལ་འགྲོ་ངེས་པ༽ཅེས་བྲིས།འཐོར་རླུང་གིས༼མཚན་མོ་རེ་རེ སྙན་ངག་རེ་རེ།དུས་ཚོད་གཅིག་ཏུ་ངའི་བྱང་ཁོག་སྟོད་ན་དྲག་ཏུ་ལྡང་།ཨ--མཚན་མོ་ཇི་ལྟར་རིང་ན།སྙན་ངག་དེ་ལྟར་རིང༽ཞེས་བྲིས།ཐེའུ་རང་གིས༼ས་གཞི་འདིའི་སྒང་དུ་ང་ལ་བཙན་པོའི་རལ་གྲི་འདྲ་བའི་རང་དབང་གི་གཤོག་པ་ལས་ཅི་ཡང་མེད་ཆོག༽ཅེས་བྲིས།མར་བཟའ་བློ་སྒྲོལ་གྱིས༼མི་སེམས་ལ་ཐན་པ་བྱུང་བའི་ལོ་ཟླ་ནི།སྙན་ངག་པས་རང་ཤི་བརྒྱབས་པའི་ལོ་ཟླ་ཡིན༽ཞེས་བྲིས། བྲིས་ཚར་རྗེས། ང་ཚོ་ཐང་ཐོག་ནས་བསྡད་དེ། ཁ་བརྡ་ཅུང་ཙམ་གློད་པ་ཡིན། དེ་ནས་རང་རང་སར་ལོག་པ་ཡིན། ཐོག་མར་གཅན་མེ་སྟག་ལམ་པ་བྱས་པ་ཡིན། ང་ཚོས་ཁོའི་རླངས་འཁོར་ངོར་ཁ་བཏགས་དཀར་པོ་གཉིས་བཏགས་ཡོད། གཅིག་ཁོ་པ་བདེ་ཐང་གིས་ཡུལ་ལ་ཐོན་པའི་རྟེན་འབྲེལ་ཡིན།གཅིག་མགོ་ལོག་རྩྭ་ཐང་ལ་སྐུར་བ་ཡིན།

དེ་ལྟར།མི་མགོ་ལྔ་འདུས་པའི་བོད་ཀྱི་སྙན་ངག་པའི་མཚན་མོ་ཡི་འདུ་འཛོམས་མཇུག་བསྡུས་བཞགའོན་ཀྱང་།བོད་ཀྱི་སྙན་ངག་པའི་མཚན་མོ་ད་རུང་ཡང་མཇུག་བསྡུས་མེད་ན།ང་ཚོ་ད་རུང་ཡང་སྙན་ངག་གི་ངོས་ནས་མཚན་མོར་བསྐྱོད་དགོས།ང་ཚོ་སྙན་ངག་པ་ཡིན། ང་ཚོ་བོད་ཀྱི་སྙན་ངག་པ་ཡིན། ང་ཚོ་ད་རུང་ཡང་མུ་ནས་མུར་མཚན་མོར་བསྐྱོད་དགོས། སྙན་ངག་པའི་མཚན་མོར་བསྐྱོད་དགོས།ང་ཚོས་ད་རུང་ཡང་མུན་ནག་ནང་ནས་མེ་སྦར་དགོས།མེས་པོའི་ས་གཞི་འདིའི་ཐོག་ནས།རྩམ་ཁུག་བཟུང་སྟེ།པགས་སྟན་བཏིངས་ནས་གུར་འཕུབ་དགོས།ང་ཚོ་ས་གཞི་འདིར་ལས་ཀྱིས་བསྐོས་ཡོད།ང་ཚོ་མཚན་མོ་འདིར་ལས་ཀྱིས་འཛོམས་ཡོད།

རྒྱུ་མཚན། ང་ཚོ་བོད་ཀྱི་སྙན་ངག་པ་ཡིན།

རྒྱུ་མཚན། ང་ཚོ་བོད་ཀྱི་མཚན་མོའི་ཕྲུ་གུ་ཡིན་ནོ།།

༢༠༡༤ལོའི་ཟླ༨པའི་ཚེས༡༥ཉིན།

 

མཚན་མོའི་དྲིས་ལན།

_བོད་ཀྱི་སྙན་ངག་པའི་མཚན་མོར་ཕུལ་བ།

 

གཅན་མེ་སྟག

མགོ་གང་རེད

ལན། གངས་རི་རེད

མིག་གང་རེད

ལན། ཕོ་བྲང་ལ་ལག་གཡུག་བྱེད་བཞིན

བྱེ་མའི་ངམ་ཐང་འགྲིམས་པའིི་རྐང་རྗེས་དེ་རེད

རྐང་བ་གང་རེད

ལན། མེ་ལྕེས་བསྲེགས་ཤུལ་དུ་ལུས་པའི

མཐེ་བོང་ནག་པོ་དེ་རེད

རྐང་བ་མིན་པ་གང་རེད

ལན། ལམ་གྱི་ཕྱི་ལོགས་ན་འགུལ་བའི

མི་དེ་དག་གིི་གྲིབ་མ་ཕོན་ཆེ་བ་དང

སྲིད་ཀྱི་སྟེགས་བུ་ན་འདར་བའི

མི་དེ་དག་གིི་སྨྲ་ལྕེ་དམར་ཚ་བ་དེ་རེད

ལྕེ་གང་རེད

ལན། གཡའ་བཙའ་ནག་པོས་གཡོགས་པའི་ཕྱི་གོས་དེ

རྡོ་ཡི་རྩིག་ངོས་ལས་འགྱེལ་བྱུང་བ་དེ་རེད

དེ་ན་ལག་པ ལག་པ་གང་རེད

ལན། གླ་ཕོགས་སྤྲད་ཟིན་པ་དེ་རེད

ལག་པ་མིན་པ

ལན། སངས་རྒྱས་ཆོས་ལུགས་ཀྱི་གྱང་རྟིང་སློག་ནས

རང་གིི་ཕ་མེས་ཀྱི་དུར་བོང་སྔོགས་ནས

འཛམ་གླིང་དུ་རྨེག་མེད་གྱུར་བའི་གཅན་གཟན་ཞིག་ལ

ཆེས་མཐའ་མཇུག་གིི་ཁ་ཆེམས་བཞག་པ་དེ་རེད།

ཁུ་སིམ་པ་ཞེས་པ་གང་རེད

ལན། དེ་ལ་འགུལ་བསྐྱོད་ཀྱི་རང་དབང་ཡོད་པ་འདྲ

རེད། སྤུན་ཟླ་གང་རེད

ལན། རུས་པ་བཀྲུས་ནས་དཀར་བོར་སོང་བ་དེ་རེད

བོད་ཀྱི་སྙན་ངག་པའི་མཚན་མོར་ཕུལ་བའི་སྙན་ངག་ཚན་པ་གཉིས།

 

མཚན་མོའི་གཡང་གཟར་དུ་ལྷུང་བའི་བྱ་རྒོད།

གཉན།

གཡུལ་ས་ནས་བླངས་མྱོང་བའི་གླུ

ཤེས་རབ་སྡོང་བོའི་ངོས་ཀྱི་མེ་ཏོག་ཕྲེང་བ

བཙན་པོའི་སྙིང་ནོར་དང་གཤོག་ཟུང

མི་འཇིགས་མི་དངངས་པའི་གངས་ཀྱི་མུ་ཁྱུད་རིང་མོ

སྲིད་པའི་རྩེ་མོ་ན་རླུང་གིས་བསྐྱོད་པའི་ང་རྒྱལ་གྱི་རྔོག་མ

ཤེ་ནག་མུན་སྟུག་གི་མཚན་མོར་མེ་ལྕེ་སྩོལ་མཁན་ལ་སྒུག་མཁན་དེ་ཁྱོད་ཡིན་ནམ


གནམ་ལ་འཕྱོ་མྱོང་བའི་ཕོ་བྲང

སྐད་ཆ་དང་ཡི་གེ་འཁུར་ཡོང་བའི་གསེར་གྱི་ཤིང་རྟ

ཁྲག་གི་རལ་གྲིས་མ་ཆོད་པའི་བླ་གཡུ

ས་ཆེན་གྱི་མིད་པའི་ནང་ནས་གྱེར་ཡོང་བའི་གནའ་བོའི་སྙན་ངག

ཁ་བའི་འོབས་ཀྱི་རྨི་ལམ་གྱི་ཚིག་མཛོད

ཤེ་ནག་མུན་སྟུག་གི་མཚན་མོར་མེ་ལྕེ་སྩོལ་མཁན་ལ་སྒུག་མཁན་དེ་ཁྱོད་ཡིན་ནམ

 

གློག་དམར་ལ་རེག་མྱོང་བའི་ལག་པ

གངས་དཀར་ཏི་སེའི་སྒལ་བའི་ཐོག་གི་ནམ་མཁའ

རྒྱུ་འབྲས་ཀྱི་ཚེར་མའི་སྟེང་དུ་བབས་མྱོང་བའི་ཁྲུང་ཁྲུང

སྐྱེས་བུ་སུ་ཞིག་གིས་ཚེ་གང་ལ་བྲིས་པའི་ན་རོ

དཔའ་མཛངས་དང་གཙུག་ལག་གི་རི་བོའི་སྐྱེ་རབས

ཤེ་ནག་མན་སྟུག་གི་མཚན་མོར་མེ་ལྕེ་སྩོལ་མཁན་ལ་སྒུག་མཁན་དེ་ཁྱོད་ཡིན་ནམ

 

ཐུ་བྷོད་ཀྱི་མཚན་མོ་ལ་དབྱངས་རྩོམ་དུས

རེ་རེ་གཉིས་གཉིས་བྱས་ནས་འཕྱོ་བའི་མེ་ལྕེ་དེ

སུའི་ཡིན་ནམ སུའི་ཡིན་ནམ

ང་ལ་གསུངས་རོགས

ང་ཡི་བྱ་རྒོད གཡང་གཟར་དུ་ལྷུང་བའི་བྱ་རྒོད

མཚན་མོའི་སྙིང་དབུས་ཀྱི་ཁྲག་ཐིགས

ངས་ཁྱོད་ཀྱི་དམར་དྲི་ཚོར་བྱུང་།

༢༠༡༤ལོའི་ཟླ༨པའི་ཚེས༡༣ཉིན།

 

མཚན་མོའི་དབྱངས།

རང་དབང་གི་དཀར་མེ་དེ

མཚན་མོའི་རྨི་ལམ་གསར་བ་དེ

ཁྲག་གིས་དམར་བའི་གླུ་སྐད་དེ

འཆི་བདག་གི་ཞགས་པས་ཀྱང་མ་ཟིན་པའི

གངས་རིའི་གཟའ་སྐར་གྱི་ང་རོ་དེ

བླའམ་སྲོག་གིས་བྲིས་པའི་ཡི་གེའི་སྙིང་རྩིད་ཡིན་ནམ

 

བརྡབས་པའི་རྡོ་རྗེའི་ཕུར་བུ་དེ་ད་རུང་བརྡབས་ལགས་སམ

གཟེངས་པའི་གནམ་ལྕགས་ངར་མ་དེ་ད་རུང་གཟེངས་ལགས་སམ

ཀྱེ བདག་གི་དབྱངས་དང་གསལ་བྱེད་ཀྱི་བཙན་རྫོང

ལེའུ་རེ་རེའི་ནང་ན་དར་ཤིང་བཙུགས་ཡོད་པ་བདེན་ནམ

 

སད་མི སད་མི

མཚན་མོའི་རུས་པ་དང་རྣམ་དཔྱོད

མི་ནུབ་པའི་དཀར་འོད་དག

འདི་ན་ཡོད་འདུག འདི་ན་ཡོད་འདུག་དོན་ཅི

 

ང་ཚོ་ཚང་མ་བྲང་ཁོག་གཅིག་ལ་བསྒྲིལ་ནས

མདུང་རྩེ་གཅིག་ཕྱི་ནང་གཉིས་ལ་གཏོད་དོན་དེའང་ཅི་ཡིན་ནམ

ཤེས་རབ་རྒན་པོ་ན་རེ

ང་ཚོ་ལ་བློ་འབྱེད་དགོས

རྣོ་སྐུད་ཀྱི་ཐོག་ཏུ་གོམ་པ་སྤོ་མཁན་གྱི་གཞོན་ནུ་ན་རེ

ང་ཚོ་ལ་རང་དབང་དགོས

དེ་ནས་དྲག་ཆར་ཤ་འོད་བརྡོལ་བྱུང

དེ་ནས་རྟོག་པའི་ཀློང་སྒོ་ཕྱེས་བྱུང

དེ་ནས་སྐར་འོད་ལམ་ལམ་འཚེར་བའི་ཐུ་བྷོད་ཀྱི་མཚན་མོའི་ལྗོངས་ལ་མཐོང་རྒྱུ་ཡོད་བྱུང

བདག་གི་ལག་པ་དང་མི་འབྲལ་བའི་གདུ་བུ

སྙིང་གི་ངོས་ལ་བྲིས་པའི་སྔགས་དང་ཨ་ཡིག

ང་ཡི་བརྗེད་པར་དཀའ་བའི

མེ་ལོང་དགུ་རྡུང་མའི་དབྱངས་ཀྱི་གདངས་སྙན

མུན་ནག་གི་ནང་ནས་གྲག་ཡོང བུས་ཡོང་།

༢༠༡༤ལོའི་ཟླ༨པའི་ཚེས༡༣ཉིན།

 

‍མཚན་མོའི་པང་ནས་སྙན་ངག་དང་སྙན་ངག་གི་རྨི་ལམ་པ་བྱེད་ཚུལ།

--བོད་ཀྱི་སྙན་ངག་པའི་མཚན་མོར་བྲིས་པ།

 

ཐེའུ་རང་།

 

ཐ་སྙད་གཅིག ཐ་སྙད་གཉིས ཐ་སྙད་གསུམ

བཙན་པོའི་རྩ་རྒྱུས་སུ་བཏབས་པའི་ཡི་གེའི་འབྱུང་ཁམས

མཚན་མོའི་གཡང་གཟར་གྱི་ལྷུང་གཟེད་ནང་ན

མེ་ཡི་རྦབ་རྡོ་བཞིན་ཤ་དང་ཁྲག་ལ་བསྒྲེས་ཡོད

 

རི་བྲག་གི་སྤྱན་ཆབ་ནང་འགག་པའི་ཉི་འོད་ཀྱི་མགྲིན་པ

རྡོ་དང་ནགས་ཚལ་གྱི་ལག་པས་ཡར་ལ་བཏེགས་ཤིང

དུས་ཚོད་ཀྱི་རླུང་དམར་འུར་འུར་ལྡང་བའི་སྐད་སྒྲ

གངས་རིའི་བྲང་ཁོག་ནས་བྱེ་མ་རྡུལ་གཟུགས་སུ་གྱུར་བ

རིག་གནས་ཀྱི་ཁྲེལ་གཞུང་དང་ཕྱི་ཐག་ཉིད་དོ

 

ལོ་རྒྱུས་ཀྱི་གཙང་བོར་བཏབས་པའི་བརྩེ་གདུང་གི་རོལ་མོ་སྨུག་པོ

རླུང་དང་མཁའ་དབུགས་ཀྱི་བདེ་དྲོད་ཁུར་བའི་ཚོར་བའི་ལྗོངས་ཁམས

ཐ་སྙད་ཀྱི་ཚེར་མའི་ནང་ན་འཛུམ་ཙམ་འཛུམ་ཙམ་གྱི་སྐྱོ་བའི་མིག་ཆུ

ས་གཞི་འདིའི་ལྟེ་བར་སྐྱེས་པའི་རུས་པའི་རྡོ་རིང་ཆེན་མོ

 

མེ་སྒྱོགས་དང་དུག་རྫས་ཀྱི་ཁ་རླངས་འོ་མར་སྲུབ་པའི

སེམས་ཀྱི་འདུ་ཤེས་ཀྱི་ལག་རྩལ་ཕྲ་མོ་ཕྲ་མོ་སྟེ

རིག་པ་དང་ཤེས་རབ་ཕྲ་མོ་ཕྲ་མོ་སྟེ

བྱམས་བརྩེ་དང་སྙིང་རྗེ་ཕྲ་མོ་ཕྲ་མོ་སྟེ

མཚན་མོའི་གཟུགས་ཀྱིས་མི་མངོན་པར་ཁ་ཕྱེས་པའི

ང་ཡི་བརྡ་སྤྲོད་ཀྱི་ཚོ་བ ང་ཡི་འདུ་ཤེས་ཀྱི་རྒྱལ་ཁབ

 

ང་ནི་གཤོག་པ་ཐོགས་པའི་རིག་གནས་ཀྱི་ཕོ་ཉ་ཡིན

ང་ནི་འཆི་བ་མེད་པའི་ས་གཞིའི་བླ་སྲོག་ཡིན

ང་ནི་ག་དུས་ཀྱང་སད་ཐུབ་པའི་མུན་པའི་མིག་ཟུང་ཡིན

ང་ནི་བསྐལ་བར་གཉིད་མ་མྱོང་བའི་ཉི་མའི་ཤེས་རབ་ཡིན

 

ངས་ཁྱོད་ལ་གཤོགས་པ་འདོགས

ངས་ཁྱོད་ལ་ཆགས་སྡང་དང་ཤ་རུས་སྟེར

ངས་ཁྱོད་ལ་བྱམས་བརྩེ་དང་ཤེས་རབ་གནང

ཁྱོད་ཀྱིས་ང་ལ་གནང་བ་ཡོད་ཚད་ང་ཡིས་ཁྱོད་ལ་གནང་བར་བྱ་ཡི

 

ཁྱོད་ང་ཡི་སྙིང་ཁོང་རུས་པའི་གཏིང་ནས་ཟུག་གཟེར་དང་བཅས་ལམ་ལ་ཆས་བར་མཛོད

 

ཕ་བོང་གི་ནགས་ཚལ་ཆེན་མོ་མེ་རུ་འབར་བའི་སྒྲུང་ད་ལྟ་མགོ་རྩོམ་མ་ཐག་ཡིན་ནོ

མཚན་མོའི་སྙིང་ཐོག་ལ་ཡི་གེ་གཤན་པའི་ལག་རྩལ་ད་ལྟ་མགོ་རྩོམ་མ་ཐག་ཡིན་ནོ། །

 

༢༠༡༤ལོའི་ཟླ༨པའི་ཚེས༢༥ཉིན།

 

མཚན་མོ། མཚན་མོ།

 

ང་ཡི་ནམ་མཁའ ང་ཡི་ས་གཞི

ང་ཡི་གདུང་སེམས་དང་མཚན་མོ་ཡེ

 

རིག་གནས་ཀྱི་བྲང་ཁོག་ཆེན་མོའི་རྒྱ་ཁྱོན

དད་མོས་ཀྱི་ཁྲག་དྲོན་ངར་མའི་ཁ་དོག

འདི་ན་ས་ཆུ་མེ་རླུང་གང་ཡང་ཡོད

འདི་ནི་ངའི་འཚོ་སྡོད་དང འདི་ནི་ངའི་ཚེ་སྲོག་གོ

 

འདྲེ་སྒྲུང་བྲི་བྱེད་ཀྱི་ལག་པ་དམར་པོ

ཆོས་ལུགས་ཀྱི་ཚབ་ལྟ་བུའི་སེམས་ཀྱི་དག་ཞིང

ནུར་ནུར་མེར་མེར་གྱི་སྨག་ནག་གི་རྒྱ་མཚོ

 

མཚན་མོ མཚན་མོ

ནག་སྤྲུག་སྤྲུག་གི་ཡི་གེའི་རྩྭ་ཐང་།

 

༢༠༡༤ལོའི་ཟླ༨པའི་ཚེས༡༦ཉིན།

 

‍             མཚན་མོ་ཞིག

 

_བོད་ཀྱི་སྙན་ངག་པའི་མཚན་མོ་ལ་ཕུལ་བ།

འཐོར་རླུང་།

མཚན་མོ་ཞིག་ལ

མི་ཞིག་གི་ལུས་ཀྱི

བ་སྤུའི་བུ་ག་དག་ལས

ཡིག་འབྲུ་ཁ་ཤས

ཁྲག་དམར་འཛར་འཛར་གྱིས

ནས་འབྲུ་ལྟར་གང་སར་འཐོར་ཡོང

ནག་ལ་སྟུག་ཅིང

ཟབ་ལ་གསང་བའི་གྲོག་རོང་དུ་ལྷུང

གལ་ཏེ འོག་དམྱལ་བའི་གཏིང་རིམ་ནའང

ཤོག་བུ་དཀར་པོ

བལ་གདན་ལྟར་བཏིང་ཡོད་ན

མནར་གཅོད ན་ཟུག དཀའ་སྡུག་ཡོད་ཚད

དམར་འཛར་འཛར་གྱི་ཡིག་འབྲུ་དག་ལས

ནས་འབྲུ་བརྔོས་པ་ལྟར

ནང་ཁོག་ཕྱི་ལ་བསྟན་ནས་ཡོད་ཨང

 

གོ་ཐོས་སུ དམྱལ་བའི་ཡུལ་ན

ཀློག་མཁན་ཡོད་སྐད་མི་འདུག

ཁྲག་དང་བསྒྲེས་པའི་ནས་འབྲུ་དེ་དག

མ་འོངས་པ་ན གཟི་མིག་དགུ་བ་ལྟ་བུའི

འགྱུར་རྡོ་བྱིན་ཅན་རེ་ལ་མི་འགྱུར་གྲང་།

མུན་ནག་ནང་གི་མི་ནག


བོད་ཀྱི་སྙན་ངག་པའི་མཚན་མོར་ཕུལ་བ།

 

མར་བཟའ་བློ་སྒྲོལ།

མུན་པའི་ཁ་ཆུ་ཞིག

ལོ་ཟླའི་ངལ་དུབ་ཅིག

དྲག་རླུང་གིས་བདས་པའི་བྱ་སྒྲོ་བཞིན

མཚན་མོའི་འཇིག་རྟེན་ནས

མི་སེམས་ཀྱི་གས་ཁ་དག་ལ་བབས

 

དུར་ཐང་ན་ལུས་པའི་རྣམ་ཤེས་དག

མུན་པའི་ཀློང་ན་ག་སར་བསྐྱོད་ཅིང

ཡིག་ཚོགས་ཤིག་གི་བྱིན་རླབས་སྒོམ་ཏེ

འབྱུང་བའི་ཁམས་ཀྱི་རིག་པ་དཀྲོལ

 

མུན་པ་གྱོན་པའི་མི་དག

སྲིད་པ་འདིའི་མངའ་ཐང་ནས

ཡར་ལ་འགྲེང་ཞིང

རང་ཉིད་ཀྱི་མཛུབ་མོ་དག་གིས

སྐྱ་མདའ་དང་པོ་འབྲི་མགོ་བརྩམས

 

ཞེ་ཐོགས་ཀྱི་ཡི་གེ་དག་དང

སྙིང་གླན་སའི་ཚོར་བའི་ཆག་རོ་དག་བསྒྲིགས་ནས

སྲིད་པ་འདིའི་ཡ་ཁོག་སྲུང་ཞིང

སྣང་བ་འདིའི་གླུ་སྐད་གསོས་ཡོང་།

༢༠༡༤ལོའི་ཟླ༨པའི་ཚེས་༡༩ལ་དར་རྩེ་མདོ་ནས།

དགེ་ཆོས་དྲ་བ་ལས་བཤུས། http://www.gdqpzhx.com/bo/html/photo/201409012568.html

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།