ལྕགས་རྡོའི་སྙན་ངག་ལ་ཕྲན་དཔྱད་ཅིག་སྤེལ་ཁུལ་བྱས་པ།

དངོས་མིང༌། རྡོ་རྗེ་ཕུན་ཚོགས། མིང་གཞན། ཨ་ཉོག ལྕགས་རྡོ་སོགས་སུ་འབོད། སྐྱེས་ཡུལ་བོད་ཁམས་ནང་ཆེན། ཆུང་དུས་བེའུ་ལུག་འཚོ་ཞོར་བོད་ཡིག་འབྲི་ཀློག་སྦྱངས། ༢༠༠༡ རྒྱ་གར་དུ་འབྱོར་ཏེ་རྫོང་སར་བཤད་གྲྭར་ཆོས་ཞུགས་ཀྱིས། གཙོ་བོ་ནང་ཆོས་ཀྱི་གཞུང་ཆེན་ཁག་ལ་ཐོས་བསམ་བྱས་ཤིང༌། ཞོར་དུ་སྙན་ངག་དང་སུམ་རྟགས་སོགས་ལའང་བློ་ཁ་ཕྱོགས། ༢༠༡༠ ལོར་ནོར་གླིང་མཐོ་སློབ་ཏུ་སློབ་ཞུགས་ཀྱིས། སྙན་ངག་དང་སུམ་རྟགས་སོགས་ལ་མུ་མཐུད་སྦྱངས་ཤིང་༢༠༡༣ ལོར་མཐར་ཕྱིན། དེང་སྐབས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་མུ་མཐུད་བརྡ་དག་དང་སྙན་ངག ཕྱི་རྒྱལ་གྱི་སྐད་ཡིག་ཕྱོགས་ལ་མུ་མཐུད་སློབ་གཉེར་བྱེད་ཀྱིན་ཡོད། སློབ་ཞོར་དུ་བྲིས་པའི་སྙན་ངག་བསྡུས་དེབ་<<ནང་གཏམ>> དང༌། ཆེད་རྩོམ་<<བོད་ཀྱི་ལུང་བསྟན་ཞིབ་འཇུག>> དང་<<རྐང་ལམ་ཕྲ་མོ་ལས་ནར་སོན་པའི་དོན་གྲུབ་རྒྱལ་>> སོགས་ཡོད་འདུག

ངལ་བའི་ཚུལ།

____དུས་སྐབས་ཤིག་གི་བར་སྣང་ལ་གཞིགས་པ།


སྟོན་མཐའི་ལོ་སྐམ་འཐོར་བའི་ཁང་བར་ནས།།

ཡར་སྣེའི་མིག་རྩ་གྲིམ་གྱིས་བཏེགས་ན་ཡང༌།།

རྐང་ཟུང་ཤིང་ལོར་ཐོགས་པའི་སག་སྒྲ་ཡིས།།

སུན་པའི་མིག་ཞགས་ཐང་དུ་འཐེན་པར་བྱེད།།

 

ཡར་ཕྱོགས་མར་ངོས་གང་དུ་མི་འཁོར་བར།།

གཡར་ཁང་དོག་པོའི་སྦུགས་སུ་ཧྲེང་ན་ཡང༌།།

རླུང་ཡན་ཤར་ཤུར་ཞུགས་པའི་ཚ་གཟེར་ལས།།

གཉིད་ཀྱི་གཡེང་བ་ཙམ་ཡང་གསོད་པར་བྱེད།།

 

མི་ཚོས་དན་པོར་འཆད་པའི་བཤད་པ་དག།

ཇི་ལྟར་ནན་གྱིས་བསྲན་ཅིང་གཞིག་གྱུར་ན།།

བདག་གི་བྲང་གཞུང་དེ་ལྟར་དབྲལ་བྱེད་དེ།།

མཚོན་ཆ་མེ་དབལ་ཅན་རེ་གཏད་པར་བྱེད།།

 

སྙིང་གི་ཚིལ་ཞག་འཁྱིལ་བའི་ཚིག་འབྲུ་རེ།།

མྱིད་པའི་རྨ་ཁ་དབྲལ་ནས་བསྟན་པ་ཡང༌།།

མགོ་ནག་བོད་ཀྱི་ཁམས་ལ་མི་འཛའ་ཞེས།།

སྟོང་གསུམ་ཁ་མཆུ་ནག་པོ་ལྡང་བར་བྱེད།།


ལུས་འདིར་འཐོབ་པའི་ངོ་གདོང་ཟད་པོ་གང༌།།

མཛའ་མིན་གང་གི་མིག་ཁར་ལྷག་ཐེངས་རེར།།

ངོ་ཟོར་ཅི་དགོས་ཤུགས་ཀྱིས་བསྡུས་ན་ཡང༌།།

འགྲམ་པའི་རུས་རྐང་གྱོང་པོ་གཟེར་བར་བྱེད།།

 

རུས་ངར་སྦོམ་སྣང་འཆར་བའི་རྐང་པ་ཟུང༌།།

གཞུང་ལམ་གང་དུ་སྟོབས་ཀྱིས་སྤོས་ན་ཡང༌།།

རུས་པའི་ལྷུ་མཚམས་དམ་གྱིས་འཇུས་པ་ཡི།།

སྒྱིད་པའི་ཐང་ཤ་ཟུག་གིས་འཁུམས་པར་བྱེད།།

 

ཚེ་ལྷག་གང་འདིར་མི་དགོས་དབང་མེད་ཀྱི།།

ཞལ་ཟས་གང་དག་དལ་གྱིས་མིད་པ་ཡང༌།།

ཕྱི་ནང་ཟས་སྙིགས་རུལ་བའི་སྣང་ཚུལ་རེས།།

ཁོག་པའི་གཏིང་ནས་སྐྱུག་རོ་འཕྱོ་བར་བྱེད།།

 

བར་སྣང་འདི་ལྟར་རྫོབ་པའི་དགུང་ཁ་རེར།།

རྒྱ་ཁང་མཐོན་པོ་མཐོན་པོའི་གཡང་ཁ་ནས།།

སྣང་བ་རྒྱང་རིང་ཡུལ་དུ་ཕྱོགས་ཐེངས་རེར།།

ཅི་འདྲ་འཇིགས་པས་རྒོལ་ཚུལ་མང་བ་ཨང༌།།

༢༠༡༣ . ༡༢ . ༡ . ཉིན།

 

ཤོ་ལོ་ཀ་བརྒྱད་ཀྱིས་གྲུབ་པའི་སྙན་ངག་འདིའི་མགོ་མཇུག་བར་གསུམ། སྐྱོ་སྣང་དང་སུན་མདོག་གིས་གཏད་པའི་མི་ཚེ་ཡི་རྣམ་འགྱུར་ཞིག་སྟེ། མིའི་ཕུགས་བསམ་དང་འདོད་འདུན་གང་ཡིན་པ་ལེགས་འགྲུབ་མ་བྱུང་ན། ད་གཟོད་སུན་འབྱིན་གྱི་རྣམ་པ་བྱུང་ལ། དེ་ཡང་ཁ་མི་གསལ་བའི་ཚིག་འགྲོས་སུ་ཡན་པ་ཞིག སྙན་ངག་འདིའི་རྩ་བའི་རང་བཞིན་ལས་སུན་འབྱིན་གྱི་ཐབས་ཤིག་གིས་རལ་སོང་བའི་མི་གཤིས་དག་གི་ངོ་གདོང་ཞིབ་བརྗོད་དང༌། མཐར་ཐུག་གི་རྩོམ་པ་པོ་ནི་ཁང་བརྩེགས་མཐོན་པོའི་སྒང་གི་མི་སྣ་མིག་ཟུང་རྒྱང་རིང་ལ་གཏད་དེ། ད་རུང་མི་ཚེའི་བགྲོད་ལམ་ན་འཇིགས་པས་རྒོལ་ཚུལ་མང་བ་ལ་ཨང་ཞེས་ངལ་དུབ་ཞིག་གིས་སྣོན་པ་རྒྱབ་འདུག

སྤྱིར་ཀི་སྙན་ངག་འདིའི་འགྲོས་ནི། ཟླ་གཟུགས་ཁྲོན་པ་བརྒྱར་ཤར་བ་དང་དུ་བ་བར་སྣང་ལ་ཁྱབ་པ་ལྟ་བུའི་གུ་ཡངས་སྒྱུ་རྩལ་ལ་རིག་པས་རག་ཚོད་དཀའ་བ་ཞིག་ཏུ་གྲུབ། འདི་ནི་ཁོའི་རྩོམ་གཤིས་ཀྱི་ཁྱད་ཆོས་དང༌། ད་རུང་བོད་ཀྱི་གནའ་བོའི་མགུར་གླུ་དག་བཞིན། ཐ་སྙད་དོན་མི་གོ་བ་་དན་པོ། ངོ་ཟོར། ཐང་ཤ་ལྟ་བུ་ཡོང་མོད། འདི་ལ་ལག་པ་འཆང་ན་སྙན་ངག་གི་དོན་ཟབ་གང་ཞིག་ལ་ཕོག་འགྲོ་སྲིད་པས་རང་འགར་བཞག་ཡོད། ཤོ་ལོ་ཀ་རེའི་སྣང་ཚུལ་ལས་སུན་སྣང་གི་འགྲོས་མ་འདྲ་བ་དུ་མ་འདུག་ལ། ཁ་བྱང་ནས་བཟུང་རྩོམ་མཇུག་བར་དུ། ཡིད་ཕངས་བའི་རེ་འབྲས་ལྷག་མ་ཞིག་ལ་ལམ་ལྷོང་མ་བྱུང་བའི་ཉམས་འགྱུར་ཤར་བས་ན། ཀློག་མཁན་དག་ལ་ཐོག་མ་ནས་སྐྱོ་སྣང་ཞིག་དང་གདུག་རྩུབ་ཀྱི་ཁོར་ཡུག་ཅིག་གི་ཚོར་བ་དང༌། ལྷག་པར་དུ"འགྲམ་པའི་རུས་རྐང་གྱོང་པོ་གཟེར་བར་བྱེད།།"ལྟ་བུའི་ཚིག་རྐང་འདི་ལས་སྐྱུག་བྲོ་བའི་སྤྱི་ཚོགས་ཤིག་ཏུ་གདོང་མདོག་ཇི་ལྟར་བསྟན་ཡང་ངོ་སོ་བྲལ་བའི་སྣང་ཚུལ་ཞིག་གི་བསྡུས་གཟུགས་མངོན་ལ། བག་འཁུམ་པའི་སེམས་ཁམས་ཤིག་ལ་ཟུར་ཟའི་འཕྱ་སྨོད་ཀྱང་བྱས་འདུག

རྩོམ་འདིའི་ཁྱད་ཆོས་གཙོ་བོ་དེ་ཤོ་ལོ་ཀ་རེའི་མཇུག་གི་ཚིག་རྐང་རྣམས་ལ་མེད་དུ་མི་རུང་བའི་ནུས་ཤུགས་ཤིག་མཆིས་ཤིང༌། དེ་དག་གིས་ཤོ་ལོ་ཀ་རེའི་ཚེ་སྲོག་མཐུད་འདུག་པ་མ་ཟད། རྩོམ་འདིའི་སྒྱུ་རྩལ་གྱི་ཆ་ཞིག་འཚོལ་དགོས་ན་ཡང་ཤོ་ལོ་ཀ་རེའི་མཇུག་ཚིག་ཏུ་འཇུ་དགོས་པར་སྣང༌། སྙན་ངག་གི་རོ་མྱོང་ལ་ཞུགས་སྐབས་སུ་ཡང་ཆེས་རོ་བྲོ་དང་མངར་ཆ་ལྡན་པ་དེ་མཇུག་ཚིག་དེ་དག་གིས་སྟེར་ཞིང༌། རྩོམ་གཤིས་ཀྱི་རྩ་བའི་ཆ་རྐྱེན་ཞིག་འདེད་ན་ཡང་འདི་དག་ལས་མ་འདས་པར་མཐོང་བ་བཅས་སོ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།