དཔྱད་མཆན་ཞབས་བཏེགས་མ།

ལྷ་ས

རྩོམ་པ་པོ། ཐེ་ཤེར།

ངའི་ཕ་མེས་དང་ཡང་མེས་ཚོས

ལམ་འདི་དེད་ནས་ལྷ་སར་སོང་མྱོང

དེ་རིང་ང་ཡང་ལམ་འདི་དེད་ནས་ལྷ་སར་ཆས་བཞིན་ཡོད་ལ

མི་རིང་བར་ངའི་ཚ་བོ་ཚ་མོ་ཚོ་ཡང

ལམ་འདི་དེད་ནས་ལྷ་སར་ཆས་དགོས


ཡིན་ཡང     སྔོན་ཆད་ཁ་ཚང་ཡིན་པའི་ལྷ་ས

དེ་རིང་ཕྱེད་ཀ་ཡིན་པའི་ལྷ་ས

ངའི་ཚ་བོ་ཚ་མོ་ཚོའི་རིང་ལ

ལྷ་ས་ད་དུང་ཡོད་སྲིད་དམ

༢༠༡༡/༡༠/༠༤

དཔྱད་མཆན།

རང་མོས་སྙ་ངག་ལ་ཤས་ཀྱིས་བསམ་གཞིག་གི་བར་སྟོང་འཇོག་པ་ནི།ཚིག་བཅད་ལས་རྦད་དེ་ལོག་ག་ཞིག་དང་། རང་མོས་སྙན་ངག་དང་ཚིག་བཅད་གཉིས་ཀྱི་མ་འདྲ་བའི་ཆ་ཞིག་རེད།རྒྱུ་མཚན་ནི་ཚིག་བཅད་ནི་གོ་རིམ་བཞིན་གྱིས་ཇི་བཞིན་བརྗོད་པའི་རྣམ་གཞཞག་དང་ཐག་ཉེ་ཞིང་།རང་མོས་སྙན་ངག་གིས་བར་བཅུག་གི་བརྗོད་པའི་རྣམ་གཞག་དང་ཐག་ཉེ་བ་ཞིག་རེད།རྩོམ་རིག་སྤྱིའི་ངེས་ཆ་ལྟར་ན་འདི་ཡང་གཅིག་ལ་གཅིག་བརྟེན་ལྟ་བུར་ཆགས་ཡོད་པས།སུས་ཀྱང་སྙོན་འཛུགས་བྱེད་ས་མི་འགྲོ་བར་མཐོང་།

རང་མོས་སྙན་ངག་འདི་ལས་ང་ཚོ་ཀློག་པ་པོའི་ངོས་སུ་འཚོལ་བསྙེགས་བྱེད་སྤྱད་ནི་མགོ་ཚིག་དུམ་བུ་དེ་དང་མཇུག་ཚིག་དུམ་བུ་དེ་གཉིས་གཙོ་ཚིག་ཏུ་གྲུབ་འདུགདེའི་བར་གྱི་བརྒྱུད་རིམ་ལ་རྩོམ་པ་པོའི་བསམ་བློའི་ཤན་ཤུགས་འདུག་པས།ཀློག་པ་པོས་དོ་སྣང་མ་བྱས་ཀྱང་ཆོག   ཀློག་པ་པོས་བར་ཚིག་དག་ལ་རང་ཉིད་ཀྱི་ལྷན་གཤིས་སུ་བདག་པོ་རྒྱབ་སྟེ།བསམ་བློའི་འཁོར་ས་གཞན་ཞིག་ལ་དཀྱོགས་པར་འབད་ན། འཕར་ལྡིང་གི་བསམ་བློ་ཡར་རྒྱས་སུ་ཤ་མར་བཏང་ཆོག

“མི་སུམ་ཅུར་བསམ་པ་སུམ་ཅུ་དང་།། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུའི་”ཁ་དཔེ་ལྟར།རྩོམ་པ་པོ་ཁོང་གི་ལྷ་ས་ཟེར་བའི་སྙན་ངག་འདི་ལ། མེས་པོ་དང་ཚ་བོ་ཚ་མོའི་བར་ན་ལྷ་ས་ཞིག་གི་ཚུར་སྣང་ལྷག་པའི་བློས་བསླངས་ལས།རང་མོས་འདིའི་སྤྱི་ཁོག་གི་འགན་འཁྲི་མཚོན་ལ། འགན་ཞིག་གིས་ཡུལ་གང་དེའི་སྲོལ་དང་ཡུལ་དང་འགྲོགས་པའི་གྲགས་ཆེན་བྱ་དངོས་གང་རུང་ལ་མི་སེམས་ཆགས་ནས་དོར་ཐབས་མེད་པ་མཚོན་འདུག

ནུབ་ཕྱོགས་ཀྱི་སྙན་ངག་མང་ཤོས་ནི་god ལྷ་ལ་སྐྱབས་བཅོལ་ནས་མི་རིགས་ཤིག་གི་འདུ་ཤེས་སུ་དབང་བསྒྱུར་བྱེད་པ་དང་།ལྷ་མེད་པའི་སྙན་ངག་ཉུང་ཉུང་ཡིན་པར་མཐོང་། བོད་པའི་ད་ལྟའི་སྙན་ངག་གི་འདུ་ཤེས་ནི་མི་རིགས་རིང་ལུགས་ཀྱི་བསམ་བློའི་ཁུར་སྟངས་སུ་བབས་ཡོད་པས།སྙན་ངག་འདི་ནི་དུས་རབས་འདི་དང་མི་རབས་འདིའི་ཀློག་པ་པོ་དག་གི་སྨྲེང་སེམས་དང་སྐྱོ་སེམས་ཡིན་ཀྱང་།རྗེས་མའི་མི་རབས་དག་གིས་དུས་རབས་འདི་ཚུར་སྣང་བྱེད་སྤྱད་ཙམ་གྱིས་ཀློག་པ་ཞིག་ཀྱང་རེད།

སྙན་ངག་ཡག་པོ་འདི་རེད་ཟེར་བ་ཞིག་སུས་ཀྱང་ཐག་གཅོད་དཀའ་རུང་།མི་རིགས་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་བསྟུན་ནས་འཕྲོས་ན།སྙན་ངག་གི་རིན་ཐང་ལ་རིན་ཐང་གི་ལྟ་ཚུལ་ག་ཚོད་བཟུང་བཟུང་བྱས་ཆོག་པས།སྙན་ངག་གི་རིན་ཐང་ནི་དུས་རབས་དང་མི་རབས་ཀྱི་བསམ་བློའི་འགུལ་བསྐྱོད་ཁྲོད་ན་ཡོད་པ་ཞིག་ཏུ་སྣང་།

ངས་སྙན་ངག་འདི་བཀླགས་ན།དབུས་ལམ་རིང་མོ་དེད་པའི་དབུས་རོགས་ཟེར་བའི་གནའ་མྱི་དེ་དག་གི་བསམ་བློའི་འདུ་ཤེས་ཤིག་མཐོང་ཞིང་།    སྙན་ངག་འདིར་ཟུར་ཟ་དང་བརྙས་ཚིག་མེད་པར། སྙན་ངག་གི་ངོས་ནས་རྩོམ་པ་པོས་བོད་ལུགས་བཞིན།སུ་ཞིག་གི་སྣང་ངོར་ལྷག་པའི་ལྷ་སར། ཁོང་གི་འགྲུལ་བཞུད་ཀྱི་སེམས་འདུན་དང་བསམ་བློའི་འདུ་ཤེས་རང་གི་མི་རིགས་སུ་བསྐྲུན་པ་ཞིག་རེད་འདུག

“སྔོན་ཆད་ཁ་ཚང་ཡིན་པའི་ལྷ་ས     དེ་རིང་ཕྱེད་ཀ་ཡིན་པའི་ལྷ་ས”  ཚིག་འདི་གཉིས་ཀྱིས་ལྡེམ་དགོངས་ཀྱི་ཆ་མཚོན་ལ།རྩོམ་མཁན་གྱིས་འདས་མ་ད་གསུམ་གྱི་ཚོར་བའི་དམིགས་ས་ཏེ། ཚ་བོ་ཚ་མོ་རྣམས་ཀྱི་རིགས་ཞེན་གྱི་འདུ་ཤེས་ནི་བསམ་གཞིག་གི་བར་སྟོང་དུ་ལྷག་ཏུ་བཅུག་ཡོད་པས།ཀློག་པ་པོ་དང་རྩོམ་པ་པོ་གཉིས་ཀྱི་བར་དུ་གུ་ཡངས་སྒམ་དཀྱེལ་གྱི་བསམ་བློའི་མ་ལག་བསྐྲུན་པ་ཞིག་ཏུ་གྲུབ།

༢༠༡༣།༡༡།༢༥ཉིན་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།