དཔྱད་མཆན་ཞབས་བཏེགས་མ།

ལོ་ཟླའི་མཚན་མོ་འགྲེལ་བ།

མིག་ཟུང་ཤིན་ཏུ་རྣོ་བའི་བྱིས་པ་ཚོས
ས་སྲོད་ཀྱི་ཁང་བའི་ནང་དུ་འོད་ཟེར་འདྲེན་གྱིན་ཡོད
དེ་ལ་རྡོ་ཕ་བོང་དག་གིས་སྡིགས་རུང་ཅི་སྐྱོན
བདག་གི་སེམས་ངོས་སུ
རི་བོ་ལས་ཀྱང་མཐོ་བའི་འཇིག་རྟེན་ཞིག་ཡོད

འགྲེལ་བཤད་མེད་པའི་ལོ་ཟླ
ཡང་ན་ནང་དོན་ཟབ་པའི་ལོ་ཟླ
ཁེར་རྐྱང་གི་རི་བོ་དག་ལ་གཤོག་པ་ནག་པོ་སྐྱེས་པའི་ལོ་ཟླ
ངུ་མི་ཤེས་རུང་མིག་ཆུ་བཞུར་བའི་ལོ་ཟླ་ནག་པོ་དག་ཨང

ཁ་བ་རླུང་གིས་འཁུར་གྱིན་པའི་མཚན་མོ་ཡ
ང་ལ་གནམ་ནས་བབས་པའི་འགྲེལ་བཤད་མི་དགོས
སྦྲ་ནག་གི་ཁ་དོག་ཡལ་ནས་ལོ་ཟླ་ག་ཚོད་སོང

སྔོན་དུས་ཞིག་ལ་འབྲོང་གཡག་རྫ་ལ་གཤར
སྔོན་དུས་ཤིག་ལ་རྟ་ཁྱུ་སྤང་ལ་ཞོག
སྔོན་དུས་ཤིག་ལ་ལྷིང་འཇགས་ཀྱི་མཚོ་མོ་འཁྱིལ
སྔོན་དུས་ཤིག་ལ་གངས་ཀྱི་ངོ་གདོང་ཉི་མར་གླན

དུས་ཚིགས་ལ་གོ་རིམ་མེད་པ་ཡིན་ནམ
དབྱར་ཟླ་ལྔ་བའི་རི་བོ་དག་ཁ་བས་གཡོགས་འདུག
གཟུགས་པོ་ཁོ་ན་མི་ཚད་ལོངས་པའི་སྐྱེ་བོ་དག་གིས
བདག་གི་འཇིག་རྟེན་ལ་ཉམ་ཐག་པའི་དགོད་སྒྲ་ཕུལ་སོང

དངན་པ་ཡ་ཁོག་ན་ལུས་པའི་ས་གཞིའི་ངོ་གདོང་ལས
མེ་ཏོག་སྐྱེས་པ་གཞན་ལས་ཡག
མེ་ཏོག་དེ་དག་རླུང་ལ་སྐུར་དགོས
མེ་ཏོག་དེ་དག་ཆུ་ལ་གཡུག་དགོས
འདི་ལ་འགྲེལ་བཤད་མེད་པའི་མཚན་མོ་ཟེར

ང་ཚོར་ནམ་མཁའ་ཡོད
ང་ཚོའི་ནམ་མཁའ་གང་དུ་ཡོད
བདག་གི་མེས་པོ་ཚོ་གཞན་ལ་ཞེད་མ་མྱོང
བདག་གི་མིག་ཟུང་ཀྱང་འཇིག་རྟེན་གྱི་ཞོགས་པ་ལ་ཅེར་ཡོད
༢༠༡༣།༠༨།༢༩ མཚན་མོར་བྲིས།

དཔྱད་མཆན།

སྙན་རྩོམ་འདིའི་བསམ་གཞིག་གི་བར་སྟོང་དག་ནས་དུས་རབས་ཤིག་དང་མི་རབས་ཤིག་གི་ལང་ཚོའི་ཁྲག་རྩ་རེ་རེར་རེ་བ་དང་སྙིང་སྟོབས།ཞུམ་མེད་ཀྱི་སྤོབས་པ། མདུན་མཆོང་གི་དཔའ་གདེང་ལ་བསམ་བློའི་མ་གདན་བཞག་ནས།མགོ་མཇུག་གི་བར་དུ་སྐྱོ་གར་རམ་སྡུག་སྨྲེ།ཡང་ན་མི་འདོད་པའི་རྣམ་འགྱུར་གཅུད་དེ་སྤྲོ་གར་གྱི་གནས་སུ་ཚོར་བའི་སྟོབས་ཤུགས་རུ་སྤོ་བྱས་འདུག

རྩོམ་འདིའི་མགོ་དང་མཇུག་ནི་མི་རབས་ཤིག་དང་དུས་རབས་ཤིག་གི་རླབས་རྩེ་ནས“བདག་གི་སེམས་སུ་རི་བོ་ལས་ཀྱང་མཐོ་བའི་འཇིག་རྟེན་ཞིག་ཡོད”འདི་ལྟ་བུའི་སྙིང་སྟོབས་དགུ་འགྱུར་ཞིག་དང་།རྩོམ་མཇུག་ཏུ། “བདག་གི་མིག་ཟུང་ཀྱང་འཇིག་རྟེན་གྱི་ཞོགས་པ་ལ་ཅེར་ཡོད”ཟེར་བ་འདི་ལས།བློ་ཁོག་ལ་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ལྡན་ཞིང།གནའ་དེང་གི་བསམ་བློའི་བར་ཁྱད་ནས་མེས་པོ་དང་མི་རབས་གསར་བ་བསྡུར་ཚད་ཀྱིས་གདེང་ཚོད་ལྡན་པའི་རེ་བ་ཞིག་སེམས་སུ་བརྟན་པོར་བཅངས་འདུག

སྙན་ངག་འདིར་བར་བཅུག་གི་བརྗོད་པ་ལྟ་བུ་ཞིག་གིས་བློས་བསླངས་བྱས་འདུག་པ་དང་།བར་བཅུག་གི་སྐྱོ་གར་དེ་དག་གིས་བརྗོད་འདོད་པའི་གཞི་དེ་ལ་སྤྲོ་གར་ཞིག་གི་སྙིང་སྟོབས་བསྐྲུན་ཡོད་པས།འཕར་མཆོངས་ཀྱི་རྣམ་པ་དང་འཆོལ་གཤིས་ཀྱི་རྣམ་པ་མེད་པར་བསམ་བློ་གཏོང་སའི་སྦྲེལ་ཐག་བཞག་འདུགཀློག་པ་པོར་སེམས་གཡེང་བྱེད་དུ་མ་བཅུག་པར་ཐད་གར་ངོ་གདོང་བསྟན་ཏེ་སོ་སོའི་རེ་སྙེག་དང་ཕུགས་མདུན་ལ་བོད་ཀྱི་མཁས་རྙིང་དག་བཞིན་མཐའ་གཅིག་ཏུ་སྡོམ་རྒྱག་པར་འབད་ཡོད་པ་འདི་ཁོང་གི་རྩོམ་གཤིས་ཡིན་པར་བསམ།འདི་ལ་སྙན་ངག་གི་ངོས་གཞན་ནས་ལྟོས་ན།བསམ་བློ་འཕྲོས་ས་མང་པོ་མེད་པར་ཚོར་སྣེ་རུ་ལམ་ཁ་གཅིག་འདེད་དགོས་པ་ལྟ་བུ་ཡང་ཆགས་སྲིད།འདི་ལྟ་བུ་ནི་བོད་ཀྱི་མཁས་རྒན་དག་གི་སྐྱོན་ཆ་དང་དེའི་བསྐྱེད་པའི་བག་ཆགས་ཤིག་ཡིན་སྲིད།ང་ལ་མཚོན་ན་དེ་དག་ཁྱོན་ནས་ཁས་ལེན་བྱེད་མི་ཐུབ་ལ་འདི་དག་མིའི་ལྷན་སྐྱེས་ཀྱི་ཤེས་རབ་ལ་གནོད་བྱེད་དུ་འགྲོ་བར་སེམས་ཡོད།

རང་མོས་འདིའི་ཚིག་མཚམས་གཅོད་སྟངས་ནི་འཇམ་མཉེན་རོལ་དབྱངས་ལྟ་བུ་དང་། དབྱངས་འགྲོས་ཀྱང་ལྷོད་ལ་བབ་ནས་བཞུར་འདུག ལོ་རབས་བརྒྱད་ཅུའི་ནང་གི་<<ལང་ཚོའི་རྦབ་ཆུ>>ཡོངས་གྲགས་སུ་བོད་ཀྱི་རང་མོས་སྙན་ངག་གི་ཐོག་མ་འདི་ཡིས་མི་ལ་སྙིང་སྟོབས་དང་བློ་སྤོབས་བསྐྱེད་བཞིན་བསམ་བློའི་ངར་ཤུགས་དག་ཐད་གར་མདུན་མཆོང་བྱེད་དུ་བཅུག་ཡོད་ལ།<<ལོ་ཟླའི་མཚན་མོ་འགྲེལ་བ་>>སྙན་རྩོམ་འདིས་དེ་བཞིན་མིན་པར་སྔོན་དུས་ཀྱི་མེས་པོའི་བྱས་རྗེས་ལ་ཡིད་སྨོན་སྐྱེས་ཤིང་།ད་ལྟའི་ན་གཞོན་དག་ཆེས་རྙོག་འཛིང་གི་དུས་རབས་འདིར་མདུན་ལམ་གྱི་སྣེ་མོ་སྣ་ཚོགས་པར་བསྐྱོད་སྐབས།རྩོམ་པ་པོས་མཚོན་བྱེད་“མེ་ཏོག་ཅིག་རླུང་ཆུ་”གང་ལ་གཡུག་དགོས་མ་ཤེས་པ་ནི་“ལོ་ཟླའི་མཚན་མོ་འགྲེལ་བ”་ཡིན་ཡང་། “ནམ་མཁའ་ཡོད་པ་དང་མེས་པོ་ཚོ་གཞན་ལ་ཞེད་མ་མྱོང་བས་”སེམས་ཤུགས་བསྐྱེད་དེ་ཞོགས་པར་རེ་བ་འདི་ལས། རྩོམ་འདིར་ཁ་ཕྱོགས་ཤིག་གི་སྣེ་མོ་བསྟན་འདུག་མོད།གང་ལྟར་གསར་གཏོད་ཀྱི་སྤོབས་པའི་ཕྱོགས་སུ་མ་སོང་བར་འབོད་སྐུལ་ཙམ་གྱིས་ཆོག་པར་བཟུང་བའི་རེ་བ་འདི་ནི་‘བོད་རེ་བས་ཕོངས་དང་རྒྱ་དོགས་པས་ཕོངས་’ཟེར་བའི་རྩོམ་གཤིས་སུ་གྲུབ་འདུག་སྙམ།

༢༠༡༣།༡༡།༡༡ཉིན་བྲིས།

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།