དྲ་གྲོགས་ཚོ་བསྒྱུར་རྩལ་གྱི་དཔྱད་འདམས་པར་འབོད།

གཤམ་གྱི་ལེའུ་པེ་ཡི་སྙན་ངག་འདི་ངའི་སློབ་གྲོགས་འགའ་ཡིས་བོད་སྒྱུར་བྱས་ཡོད་ལ། ངས་དེ་རིང་འདི་ནས་དྲ་གྲོགས་དག་གི་མིག་གི་དགའ་སྟོན་དུ་བཤམས་ནས་ཁྱེད་ཚོ་ཐེངས་འདིའི་དྲ་ཐོག་སྒྱུར་རྩོམ་གྱི་དཔྱད་འདེམས་པ་ཐེངས་དང་པོ་རུ་གདན་ཞུ་ཞུས་བ་ཡིན། མ་ཡིག་དང་བཅས་ཏེ་ཡོད་པས་དཔྱད་འདེམས་པ་རྣམ་པས། ཐུགས་ལྷོད་ལྷོད་ཀྱིས་མི་རེར་སྐར་མ་བཅུ་རེ་ཡོད་པ་དེ་སྐར་གྲངས་རྒྱགས་སྐབས་སུ་རྩོམ་རེའི་ཨང་རྟགས་ལྟར་གྱིས་་སྐར་མ་རྒྱགས་རོགས།


高山寺
作者:李白。

危楼高百尺.

手可摘星辰.

不敢高声语.

恐惊天上人。

1 རྡོར་ཕུན།
ཁང་རྩིག་མཐོན་པོ་ཁྲི་ཙེ་བརྒྱ་ལྷག།
ལག་པ་བསྲིངས་ན་གཟའ་སྐར་ལོན་པ།།
སྐད་སྒྲ་འབྱིན་ནས་སྨྲ་བ་མི་ཕོད།།
ནམ་མཁའི་ལྷ་ཚོགས་སྐྲག་པར་འགྱུར་འགྲོ།།
2 ཤེར་རྒྱམ།
རྔམ་བརྗིད་ཁང་བརྩེགས་གནམ་ལ་ཟུག།
ལག་པས་བསྙབས་ཚེ་སྐར་འཚོགས་ལོན།།
སྐད་ངག་མཐོན་པོ་བྱ་རྒྱུར་འཚེར།།
ནམ་མཁའི་ལྷ་ནི་དཀྲོགས་ཀྱིས་དོགས།།
3 རྒྱག་པ།
རབ་མཐོིའི་ལྡིང་ཁང་ཡང་སྟེང་དུ།།
ལག་པས་མཁའ་ཡི་སྐར་འཚོགས་འཐུ།།
ཀུ་ཅོ་འདོན་པར་མི་འོས་ཏེ།།
ལྷ་ཚོགས་དཀྲོགས་པར་འཛེམས་པས་སོ།།
4 བློ་བྱམས།
མཁའ་ཡི་སྐར་མའང་ཟིན་པའི།།
ཁང་བརྩེགས་ལྡིང་ཁང་གི་སྟེང་ནས།།
ལྷ་ཚོགས་དཀྲོགས་པ་ལ་བསམ་ཏེ།།
སྐད་ཤུགས་ཤབ་ཤུབ་ཀྱིས་སྨྲའོ།།
5 ཆོས་གྲགས།
ཁྲི་ཚད་བརྒྱ་ལྷག་ཁང་བརྩེགས་མཐོན་པོའི་སྟེང༌།།
ལག་པས་སྐར་ཚོགས་དག་ནི་ཟིན་གྱུར་ཅིང༌།།
སྐད་གཟེངས་མཐོན་པོས་འབོད་བརྡ་གཙང་མ་ནུས།།
ལྷ་རྣམས་དངངས་སྐྲག་བསློང་བར་དོགས་པས་སོ།།
6 བསྟན་པ།
ཁང་བརྩེགས་མཐོ་བས་བློ་ལ་དངངས་འཚབ་ཅིག།
ལག་ཟུང་བསྙབས་ཏེ་སྐར་ཚོགས་འཛིན་ཀྱང་ནུས།།
ལྷ་དབང་སྐྲག་པར་དོགས་པའི་འཇིགས་སྣང་གིས།།
དགའ་བའི་ངག་སྒོ་ཡངས་པོར་ཕྱེད་མ་ཕོད།།
7 ཡེ་ཤེས།
ཁང་བརྩེགས་བརྒྱ་ཁྲག་གི་སྟེང་ནས།།
ལག་པས་སྐར་ཚོགས་ཐེངས་གཅིག་བཏོག།
སྐད་ཅོར་མཐོ་བོ་འབོད་རྒྱུར་དཀའ།།
ལྷ་ཡུལ་མི་རྣམས་ཞེད་གྱུར་སྐྲག།
8 ཤེར་ཆུང༌།
མཐོན་པོའི་ཁང་བརྩེགས་དེའི་རྩེ་ནས།།
ལག་པས་སྐར་ཚོགས་འཛིན་ཐུབ་མོད།།
སྐད་གཟེངས་མཐོན་པོ་རང་མ་བསྒྲགས།།
ནམ་མཁའི་ལྷ་ཚོགས་དཀྲོགས་པར་དོགས།།
9 ཀླུ་མཚོ་སྐྱིད།
རྨིས་བརྒྱ་ལྡན་པའི་ཁང་བརྩེགས་མཐོ།།
སྐར་ཚོགས་ལག་པས་ལེན་ཀྱང་ཆོག།
སྐད་ཆེན་རྒྱང་ལ་འབོད་མི་སྤོབས།།
མཁའ་ཡི་ལྷ་རྣམས་འཇིགས་པར་སེམས།།
10 ཀླུ་སྒྲུབ།
རི་བོ་མཐོ་ཞིང་བརྗིད་པའི་དགོན་གྲོང་ན།།
ཁང་བརྩེགས་མཐོན་པོ་ཞིག་གི་ཡང་སྟེང་ནས།།
རྒྱུ་སྐར་རྣམ་པར་བཀྲ་བའི་སྐར་ཚོགས་ལ།།
ལག་པས་སྙོབ་པ་འདྲ་བའི་སྣང་བ་དང༌།།
སྐད་གསེང་མཐོན་པོས་བར་སྣང་སྒྲ་སྒྲོག་ཚེ།།
ལྷ་ཚོགས་གཉིད་ལས་དཀྲོགས་པའི་འཇིག་སྣང་ཤར།།
11 ཀུན་དགའ།
མཐོ་བར་ཐུག་པའི་ལྡིང་ཁང་དུ།།
སྐར་ཚོགས་ཕྱག་གིས་ལོན་པར་ནུས།།
སྐད་རྒྱང་ཤུགས་ཀྱིས་བསྒྲོགས་པ་ལ།།
ནམ་མཁའི་ལྷ་ཚོགས་དཀྲོགས་པར་དོགས།།
12 ཁྲོ་གཏུམ།
གཟར་མོ་ཁང་བརྩེགས་འདི་མཐོ་བ་ལ།།
ལག་པས་སྐར་ཚོགས་ཀྱང་འཛིན་ཐུབ་འདྲ།།
ཀི་རིང་སྐད་ཅོར་གྱི་སྙིང་སྟོབས་ཤིག།།
ལྷ་ཡུལ་དཀྲོགས་དོགས་ཀྱིས་བློ་ལས་ཡལ།།

༢༠༡༢།༩།༡༥ཉིན།

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: