སྙིང་རྗེའི་ཡུལ།

དགོས་མཁོ་ཡོད་དུས་མགོ་འབུལ་ལུས་འབུལ་བྱེད།།
དགོས་མཁོ་མེད་དུས་མགོ་ལྕག་འགྲམ་ལྕག་གཞུ།།
རྒྱུ་འབྲས་མི་ཤེས་དཀར་ནག་མ་མཐོང་བའི།།
སྐྱེས་བུ་འཇོན་ཐང་ཅན་ཚོ་སྙིང་རྗེའི་ཡུལ།།

དུས་ཚོད་ཡོད་དུས་ཁ་གཡེང་མིག་གཡེང་བྱེད།།
དུས་ཚོད་མེད་དུས་བྱ་ཟིན་ཉ་ཟིན་བྱེད།།
རིན་བྲལ་དུས་ཚོད་མི་ཚེར་མ་ཤེས་པའི།།
སྐྱེས་བུ་བློ་མིག་ལྡན་ཚོ་སྙིང་རྗེའི་ཡུལ།།

སྤྲང་ལ་གྱར་དུས་གཞུང་དང་༸རྒྱལ་བར་དད།།
ཟས་གོས་འཛོམས་དུས་རྒྱབ་བཤད་ཟུར་ཟ་བྱེད།།
དྲིན་བྱས་དྲིན་གཟོའི་ཡ་རབས་མི་ཤེས་པའི།།
སྐྱེས་བུ་བག་ཡོད་ཅན་ཚོ་སྙིང་རྗེའི་ཡུལ།།

བལྟས་བལྟས་རིག་རིག་ངང་དུ་མི་ཚེ་འདས།།
མི་མཐོང་དགུ་མཐོང་ངང་དུ་གཞན་ཡུལ་གྱར།།
བདེ་སྐྱིད་སྤྲོ་སྣང་མེད་པར་སྡུག་གིས་མནན།།
སྐྱེས་བུ་ཡུལ་གྱར་བ་རྣམས་སྙིང་རྗེའི་ཡུལ།།

སེམས་པ་བར་སྣང་མཐོངས་ཀྱི་ཉི་ཟླ་བཞིན།།
ལུས་པོ་མནར་མེད་ཡུལ་གྱི་གཏིང་རྡོ་བཞིན།།
ལུས་སེམས་ལེ་དབར་འབུམ་གྱིས་རྒྱང་ཆོད་པས།།
སྐྱེས་བུ་བསེ་རུ་ང་ནི་སྙིང་རྗེའི་ཡུལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: