ཇེ་མང་རེད། ཇེ་ཉུང་རེད།

སྐྱོ།

བསམ་གཞིགས་དཔྱད་ཞིབ་ཉམས་མྱོང་དངོས་ཐོབ་ལས།།
སྤྱི་ཚོགས་མཁའ་ལམ་ཡངས་པོར་འགྲིམ་པའི་ཚེ།།
སྣ་ཚོགས་རྩོམ་རིགས་རྒྱུ་སྐར་ཁྲི་མ་འབུམ།།
རང་བཞིན་བཞིན་རས་མཇལ་བའི་བློ་མིག་ཕྲ།།

འོན་ཏེ་རག་པའི་བློ་ཡི་འཆར་སྣང་ལ།།
ལ་ལའི་རྩོམ་ཡིག་རང་གཞན་ཀུན་ལ་ཕན།།
འགའ་ཞིག་རྩོམ་འཆལ་རྙོག་མའི་སྐྱ་བ་འདྲ།།
ཕན་གནོད་མང་བའི་རྩོམ་རིགས་འཚང་ཁ་ཆེ།།


ལ་ལའི་རྩོམ་ཡིག་རང་དོན་རང་ཕྱོགས་བསྟོད།།
གཞན་སྡེའི་ཡོན་ཏན་སྐྱོན་གྱིས་འགེབས་པར་བརྩོན།།
གཅིག་རྒྱབ་གཅིག་གིས་ལངས་པའི་རྩོམ་མཁན་རྣམས།།
རྩོམ་པ་པོ་ཡི་མཚན་འདི་ཐོགས་སམ་ཅི།།


སྤྱི་ཚོགས་ལམ་བཟང་སྟོན་མཁས་ཉིན་སྐར་ཙམ།།
སྤྱི་དོན་རྣལ་མ་སྒྲུབ་མཁས་གཅིག་གཉིས་ཙམ།།
སྤྱི་ཞོར་སྒེར་གཙོའི་རིང་ལུགས་སྟོན་པ་པོ།།
སྤྱི་ཡིས་བཀུར་འོས་སྨྱུག་ཐོགས་ཡིན་ན་སྐྱོ།།


མཚན་ལྗོངས།


བདག་ནི་མཚན་མོའི་དུས་འདིར་གཉིད་དང་བྲལ།།
སེམས་ཀྱི་བུ་ཆུང་མཚན་ལྗོངས་མྱུལ་དུ་སོང༌།།
ཁུ་སིམ་རིག་པའི་སྐྱེད་ཚལ་གྲུ་ཟུར་ནས།།
བདག་ནི་རང་འབྱུང་ཁམས་ལ་ཞེན་ཅིང་ཆགས།།

མུན་པའི་ཀློང་དུ་ཚུད་པའི་ས་གཞི་ལ།།
མཁའ་དབྱིངས་སྐར་མའི་ཚོགས་ཀྱིས་སེམས་གསོ་དང༌།།
བར་གྱི་རྩི་ཤིང་གྲོག་བུར་ཚུན་ཆད་ལ།།
མཁའ་རླུང་གཟུགས་མེད་དེ་ཡིས་སྐྱོ་རོགས་བྱེད།།

ལྷད་མེད་རང་གཤིས་མངའ་བའི་སྲོག་ཆགས་དང།།
ངོ་དགའ་སྤྲེལ་ལད་མི་ཤེས་རྩྭ་རྩི་ཤིང༌།།
མཚན་འདིར་བདག་གི་གྲོགས་སུ་གྱུར་པ་ལྟར།།
འཚོ་བའི་ལམ་གྲོགས་ཡིན་ན་སྐྱིད་པ་ལ།།

ཛར་ཛོར་གཏམ་གྱི་སྨྲ་བ་དུས་འདིར་མེད།།
ཟང་ཟིང་འདུ་ལོང་བགྱི་བ་དབེན་ཞིང་འཇགས།།
དར་དིར་སྒྲ་ཡིས་རྣ་བ་སུན་དོགས་བྲལ།།
ཁུ་སིམ་མཚན་མོའི་དུས་འདི་སྐྱིད་པ་ལ།།

དབང་པོ་སྒོ་ལྔ་དལ་དལ་ལྷོད་ལྷོད་ངང༌།།
རང་འབྱུང་ཁམས་ཀྱི་མཛེས་ལྗོངས་ལོངས་སྤྱོད་དུས།།
གཡུལ་ས་འཁྲུགས་འདྲའི་ཉིན་གྱི་འདུ་ལོང་རྣམས།།
མཐོང་རྒྱུ་མེད་ན་དེ་འདྲའི་སྐྱིད་པ་ལ།།

ཟློས་གར་སྒྱུ་མ་མཁན་རྣམས་མལ་དུ་གཟིམས།།
བདག་འཛིན་གོང་བུའི་མལ་སྟན་འབོལ་ཤིག་ཤིག།
ས་གསུམ་འཇིག་རྟེན་ཁམས་ཀྱི་མཛེས་ལྗོངས་ཀྱིས།།
གཞན་དོན་བྱ་གཞག་གཉེར་དུས་སྐྱིད་པ་ལ།།

དུག་གསུམ་དགྲ་བོ་འཇོམས་པའི་ངལ་དུབ་མེད།།
ཐོབ་ཤོར་རྒྱལ་ཕམ་རྩོད་པའི་སྡུག་བསྔལ་མེད།།
ཡོད་མེད་ཡིན་མིན་དོགས་པའི་རྣམ་རྟོག་མེད།།
མེད་གསུམ་བདག་ལ་མེད་ན་སྐྱིད་པ་ལ།།

མཚན་མོའི་ཡོན་ཏན་བརྗོད་ན་བརྗོད་མི་ཚར།།
རང་གི་ཡོན་ཏན་བརྗོད་ན་བརྗོད་རྒྱུ་མེད།།
ཉིན་ལ་འཛམ་གླིང་མཐོང་བ་ཨ་ཙ་མ།།
མཚན་ལ་མཚན་ལྗོངས་མཐོང་བ་ཨེ་མ་ཧོ།།

ཀ་བཤད།

ཀ་ཡི་མི་རིགས་གཞིས་བྱེས་གཉིས་སུ་གྱེས།

ཁ་བའི་ལྗོངས་སུ་སྡུག་གི་མུན་པ་འཐིབས།།
ག་ས་གང་དུ་ཐོར་བའི་ཡུལ་གྱར་རྣམས།།
ང་དང་འདྲ་བར་དཀའ་སྡུག་སྣ་དགུས་གཙེས།།
ཅ་གས་བསྐྱངས་པའི་མི་ལུས་རིན་ཆེན་འདྀ།།
ཆ་རྒྱུས་མེད་པའི་ས་མཐའི་ཡུལ་འདིར་རྫོགས།།
ཇ་ཆང་ཟས་གོས་གནས་མལ་ཉམ་ངའི་འོག།
ཉ་མོ་མཚོ་དང་བྲལ་འདྲའི་གདུང་བས་མནར།།
ཏ་ལའི་བླ་མའི་ཐུགས་བརྩེ་མཚོ་ལས་ཟབ།།
ཐ་མལ་རིགས་རྣམས་དད་དམ་གཡོ་བ་མེད།།
ད་ལྟ་སྙིགས་མའི་རྒུད་ཚོགས་ཆེས་བདོ་ཡང༌།།
ན་རྒས་འཆི་བར་མི་འཇིགས་གང་གི་དྲིན།།
པ་སངས་ལ་མོ་རྒྱག་དུས་མིག་ཆུ་ཤོར།།
ཕ་མ་དྲིན་ཅན་དྲན་པའི་གདུང་བས་མནར།།
བ་མོས་བེ་འུ་རྩྭ་ཆུ་བཟང་སར་ཁྲིད།།
མ་དང་བྲལ་བའི་བོད་ཕྲུག་སྙིང་རྗེའི་ཡུལ།།
ཙ་གེ་ཙི་གིའི་དོན་དུ་འདིར་མ་ཡོང༌།།
ཚ་གེ་ཚི་གེས་སྤྲང་པོར་གྱུར་པ་མིན།།
ཛ་རེ་ཛོ་རེའི་དམིགས་ཡུལ་ཀུན་ལ་མེད།།
ྭྭྭཝ་ལེ་ཝལ་ལེར་ཀུན་གྱི་ཐུགས་ལ་མངའ།།
ཞ་ཐུལ་སྣམ་སྦྱར་ཆོས་གོས་གཟན་ཤམ་དང༌།།
ཟ་བཏུང་ལས་སློབ་བརྩོན་པའི་སེར་སྐྱ་ཀུན།།
འ་ཅག་བདེན་དོན་ཉི་མ་མ་འཆར་བར།།
ཡ་ཡོར་མེད་པའི་ཕྱར་གྲུ་མཉམ་འདེགས་མཛོད།།
ར་གན་གསེར་བརྫུས་ལྟ་བུའི་ངན་སྤྱོད་སྤོངས།།
ལ་བརྒྱབ་ལུང་བརྒལ་ཕུགས་རེ་སྒྲུབ་ཕྱིར་འབུངས།།
ཤ་ཟད་རུས་ཐུག་འདས་དོན་ཡང་ཡང་སོམས།།
ས་འོག་དར་ཐག་དཔུང་སྒྲིག་གཏན་དུ་སྤོངས།།
ཧ་ཧ་ཧུ་ཧུའི་ངང་དུ་བཞུགས་གྱུར་ན།།
ཨ་ཁ་ཨ་ཁ་ཟེར་གྱིན་འགྱོད་ཡོང་ངོ༌།།
ཧ་ཅང་གོ་བདེའི་སེམས་ཀྱི་བསླབ་བྱ་འདི།།
ཨ་མ་གངས་ཅན་བུ་ལ་གདམས་པ་ཡིན།།

ཨ་ཙི། སོང་སོང་སོང་སོང༌།

ས་མཐར་གྱར་ནས་ལོ་མང་འདས་སོང༌།།
ཕ་མ་བྲལ་ནས་ལོ་མང་འདས་སོང༌།།
རེ་སྒུག་བྱས་ནས་ལོ་མང་འདས་སོང༌།།
དཀའ་སྡུག་མྱངས་ནས་ལོ་མང་འདས་སོང༌།།

མི་ཡུལ་ཟེར་བ་རང་ཡུལ་ཡིན་ན།།
བོད་དོན་རྩོད་པའི་དགོས་པ་མི་འདུག།
གཞན་ཡུལ་མི་རྣམས་རང་རིགས་ཡིན་ན།།
རང་རིགས་ཟེར་བའི་དགོས་པ་མི་འདུག།

དབུ་རང་རྩོད་པའི་འཐབ་རྩོད་ཡིན་ན།།
རང་སྲོག་གཏོང་བའི་དགོས་པ་མི་འདུག།
བདེ་སྐྱིད་ཐོབ་པ་ཙམ་གྱིས་འགྲིག་ན།།
བདེན་དོན་གླེང་བའི་དགོས་པ་མི་འདུག།

གང་དྲན་ལག་ཏུ་ལེན་འདོད་འདུག་ན།།
ལས་འབྲས་ཟེར་བ་རྡོག་བརྫིས་གཏོང་རོགས།།
རང་གི་རིགས་ཀྱི་བླ་སྲོག་འདོད་ན།།
སྲོག་ལ་ཐུག་ཀྱང་ལས་འབྲས་སྲུངས་ཤིག།

ཁ་བཤད་ཆུ་ལྦུའི་རྗེས་འགྲོ་ཅན་ཚོ།།
ནམ་མཁར་ལྡིང་བའི་ཁྱུང་ཆེན་ཡིན་འགྲོ།
དོན་གྱིས་སྟོང་བའི་ཤོག་བུའི་སྟག་རྣམས།།
བྱིས་པ་སྐྲག་པའི་རྩེད་ཆས་ཡིན་འགྲོ།

ལྷད་མེད་སེམས་པ་བོད་ལ་ཞེན་ན།།
རང་སེམས་རང་གིས་བདག་པོ་སྐྱོན་རོགས།།
རྩ་དོན་སྒྲུབ་འདོད་བློ་ཞིག་ཡོད་ན།།
རང་གིས་རང་བློར་ཞིབ་པར་དཔྱོད་ཅིག།


ཐུགས་རྗེས་གཟིགས། ཐུགས་བསམ་བཞེས།

འཛམ་གླིང་ཉི་མ་ཆེན་པོ།།
ཡུལ་གྲུ་གཞན་ལ་ཤར་ཡང༌།།
གངས་ཅན་བོད་ཀྱི་རྒྱལ་ཁམས།།
མུན་པའི་གླིང་དུ་གྱུར་འདུག།

ང་ཡི་ཕ་ཡུལ། ཆོས་ལྡན་ཞིང་ཁམས།

ཁ་བྲལ་རིང་ལུགས་རེད་ཟེར།།
ཏཱ་ལའི་ལོག་སྤྱོད་རེད་ཟེར།།
གསར་བརྗེར་ངོ་ལོག་རེད་ཟེར།།
ཁྲིམས་ཀྱི་མུན་པར་བརྫངས་སོང༌།།

ང་ཡི་སྤུན་ཟླ། བརྩེ་བའི་སྤུན་ཟླ།

མ་བུ་ཁ་བྲལ་བཏང་སོང༌།།
དགེ་སློབ་ཁ་བྲལ་བཏང་སོང༌།།
ཁྱིམ་གཞིས་སྟོང་ལ་ཉེ་སོང༌།།
བོད་མིའི་ལས་ལ་གཟིགས་དང༌། །

སེམས་པ་སྐྱོ་བྱུང༌། གདུང་བས་མནར་བྱུང༌།

བོད་མིའི་བླ་སྲོག་གཅིག་པུ།།
ྋགོང་ས་ཡིད་བཞིན་ནོར་བུར།།
ཏཱ་ལའི་ལོག་སྤྱོད་ཟེར་སྐབས།།
བོད་མིའི་སྙིང་ཁ་གཏོར་སོང༌།།

ང་ཡི་བླ་མ། ང་ཚོའི་བླ་སྲོག

རང་དབང་ཞི་བདེ་འདོད་ན།།
མཐུན་སྒྲིལ་ལག་རྡང་སྦྲེལ་དང༌།།
གཞིས་བྱེས་མཉམ་འཛོམས་འདོད་ན།།
རྒྱལ་བའི་བཀའ་དགོངས་སྒྲུབ་རོགས།།

ཐུགས་རྗེས་གཟིགས། ཐུགས་བསམ་བཞེས།


ཇེ་མང་རེད། ཇེ་ཉུང་རེད།


སྙིང་དམར་ཕྱི་ལ་འདོན་མཁན་ཇེ་མང་རེད།།
སྙིང་གཏམ་རྗེན་པར་ཤོད་མཁན་ཇེ་མང་རེད།།
སྙིང་ནད་སྣ་ཚོགས་ཕོག་པ་ཇེ་མང་རེད།།
སྙིང་གཏམ་བདུད་རྩི་སྩོལ་མཁན་ཇེ་ཉུང་རེད།།

ལྷག་བསམ་སྙིང་དུ་འཆང་མཁན་ཇེ་ཉུང་རེད།།
ལ་རྒྱ་ཁོག་ཏུ་སྦེད་མཁན་ཇེ་ཉུང་རེད།།
རིགས་ཞེན་བྱ་གཞག་སྒྲུབ་མཁན་ཇེ་ཉུང་རེད།།
བྱས་ཡུས་ཁ་ཕོ་ཆེ་བ་ཇེ་མང་རེད།།

ཆབ་སྲིད་དྲིལ་བསྒྲགས་བྱེད་མཁན་ཇེ་མང་རེད།།
གྲོང་ཆོག་ཆོ་ག་གར་འཆམ་ཇེ་མང་རེད།།
སློབ་གྲྭ་དགོན་སྡེ་འཛུགས་སྐྲུན་ཇེ་མང་རེད།།
ཆོས་སྲིད་རྣལ་མར་འབད་མཁན་ཇེ་ཉུང་རེད།།

དམ་བཅའ་གྲོས་ཆོད་འཇོག་མཁན་ཇེ་ཉུང་རེད།།
བོད་དོན་འཐབ་རྩོད་ཟེར་མཁན་ཇེ་ཉུང་རེད།།
ངོ་རྒོལ་སྐད་འབོད་རྒྱག་མཁན་ཇེ་ཉུང་རེད།།
ཨ་ཐང་ཆད་པའི་རང་རིགས་ཇེ་མང་རེད།།

དཔལ་འབྱོར་བྲན་དུ་གྱུར་པ་ཇེ་མང་རེད།།
ཇག་རྐུན་ཁྲམ་པའི་ཚོགས་པ་ཇེ་མང་རེད།།
མི་ལུས་རིན་ཆེན་ཚོང་མཁན་ཇེ་མང་རེད།།
དལ་འབྱོར་དོན་ཆེན་སྒྲུབ་མཁན་ཇེ་ཉུང་རེད།།

ཤོ་སྦག་རྒྱན་རྩེད་སྤོང་མཁན་ཇེ་ཉུང་རེད།།
ཆང་རག་སྨྱོ་རྫས་སྤོང་མཁན་ཇེ་ཉུང་རེད།།
མ་རབས་བྱ་སྤྱོད་སྤོང་མཁན་ཇེ་ཉུང་རེད།།
རྐང་རྗེས་ནག་པོ་འཇོག་མཁན་ཇེ་མང་རེད།།

དཔེ་ཀློག་དཔེ་ཁྲིད་ཞུ་མཁན་ཇེ་ཉུང་རེད།།
ཤེས་སྤྱོད་གཉིས་ལྡན་གང་ཟག་ཇེ་ཉུང་རེད།།
རང་རིགས་རིག་གཞུང་སྐྱོང་མཁན་ཇེ་ཉུང་རེད།།
ཕ་མེས་ཆོས་རིག་ཚོང་མཁན་ཇེ་མང་རེད།།

བྱེས་ནས་གཞིས་སུ་སྐྱོད་མཁན་ཇེ་མང་རེད།།
གཞིས་ནས་བྱེས་སུ་འཕྱ་མཁན་ཇེ་མང་རེད།།
གཞིས་བྱེས་འགལ་ཟླའི་བསམ་ཚུལ་ཇེ་མང་རེད།།
རྒྱ་བོད་ཐ་དད་ཟེར་མཁན་ཇེ་ཉུང་རེད།།

ལྟ་གྲུབ་ཡང་དག་ཤེས་མཁན་ཇེ་ཉུང་རེད།།
གཟུར་གནས་བློ་ཡིས་དཔྱོད་མཁན་ཇེ་ཉུང་རེད།།
ལོ་རྒྱུས་སྲོང་པོར་སྨྲ་མཁན་ཇེ་ཉུང་རེད།།
འཁྱོག་བརྗོད་ཟློས་གར་འཁྲབ་མཁན་ཇེ་མང་རེད།།

རྩོམ་རིགས་སྣ་ཚོགས་འབྲི་མཁན་ཇེ་མང་རེད།།
རྩོམ་དེབ་འདྲ་མིན་འདོན་མཁན་ཇེ་མང་རེད།།
རྩོམ་ཡིག་ཡག་རབས་གླེང་མཁན་ཇེ་མང་རེད།།
རྩོམ་རིག་དཔྱད་བརྗོད་འབྲི་མཁན་ཇེ་ཉུང་རེད།།

བརྡ་སྤྲོད་དག་ཡིག་སྦྱོང་མཁན་ཇེ་ཉུང་རེད།།
ཚིག་དོན་བདེ་བླག་རྟོགས་མཁན་ཇེ་ཉུང་རེད།།
སྐད་ཡིག་རང་སྐྱ་འཕེར་བ་ཇེ་ཉུང་རེད།།
ཤེས་མདོག་མཁས་མདོག་སྟོན་མཁན་ཇེ་མང་རེད།།

ངོ་དེབ་སྐད་འཕྲིན་སྤྱོད་མཁན་ཇེ་མང་རེད།།
ངོ་གདོང་སྣ་ཚོགས་སྟོན་མཁན་ཇེ་མང་རེད།།
མཐུན་སྒྲིལ་གོང་བུ་གཏོར་མཁན་ཇེ་མང་རེད།།
སྤྱི་སེམས་དྲང་གཏམ་སྨྲ་མཁན་ཇེ་ཉུང་རེད།།

མཇིང་པས་མགོ་བོ་ཐེག་མཁན་ཇེ་ཉུང་རེད།།
མིག་གིས་རང་ཉིད་མཐོང་མཁན་ཇེ་ཉུང་རེད།།
སེམས་ཀྱིས་ལུས་པོ་གཅུན་མཁན་ཇེ་ཉུང་རེད།།
འཇིག་རྟེན་སྒྱུ་མའི་ལྟད་མོ་ཇེ་མང་རེད།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།