ཚོར་བའི་ཐིགས་པ།

ཚེ་རབས་ཕྲེང་བའི་སྐྱབས་མཆོག།
ཡིད་བཞིན་ནོར་བུ་ཁྱེད་ཡིན།།
མ་གིའི་དམྱལ་བར་སོང་ཡང༌།།
རེ་ས་ཁྱེད་ལས་མེད་དོ།།

དགོངས་སེལ་བརྟན་བཞུགས་ཟེར་གྱིན། །
རྒྱལ་བར་མགོ་འབུལ་ལུས་འབུལ། །
རང་ངོ་རང་གིས་མི་ཤེས། །
སྤྱི་དོན་རླུང་ལ་བསྐུར་གྱི། །

དབུ་མའི་ལམ་ཆེན་སྟེང་ལ།།
སྐར་ལྔའི་དར་དམར་འཕྱར་སོང༌།།
རང་བཙན་དབུ་མའི་བར་ལ།།
ཕུ་དཀྲུག་མདའ་དཀྲུག་བཟོས་སོང༌།།

ལ་ལས་སྤྱི་དོན་གླེང་གི།
རེ་འགས་སྒེར་དོན་རྩོད་ཀྱི།།
འགའ་ཞིག་མགོ་རང་འཐོམས་ཏེ།།
ཡིད་ཐང་ཆད་ནས་ལྷག་འདུག།

ཆབ་སྲིད་སྡིངས་ཆའི་སྟེང་ལ།།
ཟློས་གར་འཁྲུག་རང་དྲགས་ཏེ།།
རྒྱལ་བ་ཐམས་ཅད་མཁྱེན་པ།།
ཐུགས་ཕམ་གནང་དགོས་བྱུང་འདུག།

ཡ་གིའི་ལྷ་ལམ་ཡངས་པོའི།།
ཟླ་བ་གྲིབ་མས་བཀབ་འདུག།
མ་གིའི་འཇིག་རྟེན་སྟེང་ལ།།
བདེ་སྐྱིད་འོད་སྣང་བྲལ་འདུག།

འཛམ་གླིང་ས་ཆེན་ཁྱེད་ཀྱིས།།
ཐུགས་རྗེའི་སྤྱན་གྱིས་གཟིགས་རོགས།།
ཉམ་ཐག་བོད་མིའི་ལས་དབང༌།།
འགྱུར་བ་ཐེབས་ས་རེད་དམ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།