སྐད་འཕྲིན་ནང་དུ་འདི་བཏང་འདུག་པས་དཔྱད་པར་འཚལ།

ཡུལ་འདིར་ཡ་ང་བའི་དོན་རྐྱེན་བྱུང་བ་གཤམ་གསལ། བོད་བྱང་ཤར་ཁམས་སྟོད་ནགས་ཤོད་འབྲི་རུའི་ཡུལ་དུ་ཁ་སང་སྤྱི་ཟླ་༩ཚེས་༢༧ཉིན་རྒྱ་ནག་དམར་པོའི་རྒྱུགས་ཁྱི་པ་བོད་རང་སྐྱོང་ཟེར་བའི་ལས་འགུལ་གསར་པ་ཞིག་སྤེལ་ཏེ་དུད་ཚང་ཡོངས་དང་དགོན་པ་ཁག་ཀུན་གྱིས་དར་དམར་ཞོགས་པ་སྔ་མོ་ནས་ཡར་སྒྲོན་དགོས་པ་དང་དགོང་མོ་མར་ཉར་ཚག་བྱེད་དགོས་པར་མ་ཟད་འགན་ཁྲིའང་་ཆེན་པོ་ཡོད་གལ་སྲིད་དེ་ལྟར་མ་བྱས་ན་ཁྱོད་ཚོའི་བུ་ཕྲུག་རྒྱལ་ཁབ་ཀྱི་སློབ་གྲྭར་གཏོང་མི་ཆོག་པ་དང་ནད་པ་སྨན་ཁང་དུ་སྟེན་མི་ཆོག་པ་དང་དབྱར་རྩྭ་དགུན་འབུའང་བརྐོ་མི་ཆོག་ཞེས་བཙན་བཀའ་ཕབས་འདུག་པས།

དེ་ལྟར་དུ་གྲོང་པ་ཚོས་དང་དུ་མ་བླངས་བས་ལས་དོན་དང་ཉེན་རྟོག་པ་དག་དང་གྲོང་མིའི་བར་ལ་འཁྲུགས་པ་ཆེ་ཙམ་ཤོར་བའི་རྗེས་སུ་དམག་དཔུང་མང་པོ་འབྱོར་ནས་གྲོང་མི་མང་དག་བཙན་འཁྲིད་བྱས། དེར་བརྟེན་བོད་མི་བརྒྱད་བརྒྱ་ཙམ་མདང་དགོང་རྫོང་སྲིད་གཞུང་སྒོ་ཁ་དང་ཁྲོམ་ལམ་ལ་ཉལ་ནས་བོད་མི་བཙན་འཁྲིད་བྱས་པ་དག་མར་གཏོང་དགོས་པའི་འབོད་བསྐུལ་ཡང་བཏང༌། དེ་རིང་ནི་ནམ་གསལ་མ་ཐག་དམག་འཁོར་བཞི་བཅུ་ལྷག་སླེབས་ནས་ཡར་མར་མི་གཅིག་ཀྱང་མི་གཏོང་བ་དང༌། ལྷག་ཏུ་མོ་བ་གྲོང་དུ་དམག་སྒར་བརྒྱབ་ནས་དུད་རེའི་སྒོ་ཁར་དམག་མི་བདུན་རེ་ནམ་ཉིན་མཚན་མེད་པར་ལངས་ནས་མི་གཅིག་ཀྱང་སྒོ་ཁར་དོན་མི་བཅུག་བ་དང༌། ཟོག་ལས་ལས་མི་བཅུག་པ། གྲོང་དེར་མི་སུ་སོང་ཡང་འཛིན་རྐྱང་བྱེད་བཞིན་བཙན་མནོན་ཡ་ང་བའི་འོག་ཏུ་གནས་ཡོད་པ་ཡིན་པས།

ཁྱེད་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་གྱི་བོད་དོན་བྱེད་ཀྱིན་ཡོད་པའི་སྤུན་ཟླ་ཚོ་མྱུར་དུ་ཨ་རིའི་གློག་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་གློག་འཕྲིན། མ་ཟད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མི་ཐོབ་ཐང་ལྷན་ཚོགས་ཁག་ལ་རེ་འབོད་ཞུ་ནས་ཡུལ་འདིར་རོག་རམ་དང་སེམས་པ་མཉམ་བསྐྱེད་དགོས་པའི་དུས་ངན་པ་ཞིག་ལ་སླེབ་ཡོད་པ་རེད། ཁ་སང་ནི་ཡུལ་འདིའི་མི་ཀུན་བློ་མཐུན་པའི་ངང་ནས་རྫོང་སློབ་ཆུང་གི་སློབ་ཕྲུག་ཀུན་ཕྱིར་འཐེན་བྱས་ཏེ་ད་སྐབས་སློབ་གྲྭར་འགྲོ་མཁན་མེད་ནས་ཉིན་གཉིས་སོང་འདུག དེ་ངས་བདེན་པ་དངོས་ཡིན། ཡིན་ན་ཡང་ཡུལ་འདིར་དྲ་ལམ་དང་འཕྲིན་བརྡ་ཀུན་བཀག་པའི་དབང་གིས་སུ་ཡིས་གོ་ཚོར་ཡོད་ས་མ་རེད་ལ་སུས་ཀྱང་རོགས་བྱེད་པ་ཡང་གོ་རྒྱུ་མི་འདུག ད་ནི་ཡུལ་འདིར་དམིགས་གསལ་ཉེན་རྟོག་བབས་ནས་བཙན་མནར་བྱེད་བཞིན་པའི་དུས་རེད།

སྤུན་ཟླ་ཚོ་བདེན་པ་བདེན་རྐྱང་ཡིན། བརྒྱུད་བསྐུར་མང་ཙམ་བྱེད་རོགས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།