རུལ་བཞིན་པའི་སྤྲུལ་སྐུའི་ལམ་ལུགས།

འདིར་རུལ་བཞིན་པའི་སྤྲུལ་སྐུའི་ལམ་ལུགས་གླེང་བ་ལ།     ཐོག་མར་སྤྲུལ་སྐུ་ཞེས་པའི་ཐ་སྙད་ཀྱི་ཐད་ནས་བཤད་ན།     སྤྲུལ་སྐུ་ཞེས་པའི་ཐ་སྙད་འདི་ནི་སངས་རྒྱས་སྐུ་བཞིའི་བདག་ཉིད་ཅན་གྱི་སྐུ་བཞིའི་ནང་ཚན་གཞན་དོན་གཟུགས་སྐུ།     དེ་ཡང་གདུལ་བྱ་དག་མ་དག་ཐུན་མོངས་ལ་སྣང་བའི་སྒོ་ནས་གཞན་དོན་འབད་མེད་ལྷུན་གྲུབ་ཀྱིས་ཡོང་བའི་སྐུ་ཞིག་གིས་མཚན་ཡིན་པས་ན།     དེང་གི་ཆོས་དང་འཇིག་རྟེན་བར་གྱི་མགོ་རིལ་དག་ལ་ཐ་སྙད་འདི་སྦྱར་ན།      རང་བཞིན་གྱིས་ནང་བསྟན་རིག་གཞུང་ལ་མཐོང་ཆུང་དུ་འགྲོ་བར་མཐོང་བས།       ཁོང་ཅག་ལ་རང་གི་གནས་བབ་དང་མཐུན་པའི་མིང་ཞིག་སྟེ།       སྤྲུལ་རྫུན་ཅེས་འབོད་རྒྱུ་ཡིན།

རྨོངས་དད་ཆེ་བའི་མི་དམངས་ཁྲོད་ན།    མཁན་པོ་རྩེ་གྲས་ཤིག་ལས་སྤྲུལ་རྫུན་ཐེབས་ཆགས་ཤིག་མཐོང་ཆེ་བ་འདིས།     ད་དུང་སྤྲུལ་རྫུན་ངོས་འཛིན་བྱེད་པའི་དགོས་མཁོ་རང་འཇགས་བསྡད་ཡོད་པའི་དཔང་རྟགས་ཤིག་བསྟན་གྱི་ཡོད་པ་སྟེ།     སྤྲུལ་རྫུན་ངོས་འཛིན་གྱི་དགོས་དོན་དངོས་ནི་མི་དམངས་ལ་དབང་བསྒྱུར་དང་།   མི་དམངས་ཀྱི་ཁྲག་དང་རྔུལ་ཆུ་འབད་མེད་དུ་འཇིབ་པའི་ཆེད་དུ་ཡིན་པས་སོ།།

དེ་ལས་གཞན་ད་དུང་སྤྲུལ་རྫུན་དག་ལ།   ཐབས་མཁས་སམ་ཐད་ཀར་བཤད་ན་གཡོ་འཕྲུལ་གྱིས་དབང་ཤུགས་རྒྱ་བསྐྱེད་བྱེད་པའི་ལག་ཐབས་སུ་བཀོལ་སྤྱོད་བྱ་བའི་རིན་ཐང་ཆེན་པོ་ཡོད་པ་སྟེ།    དེ་ཡང་སྤྲུལ་རྫུན་བེད་སྤྱོད་པའི་སྒོ་ནས་ཆོས་པས་འབང་བསྐྱེད་འགུལ་སྐྱོད་བྱ་བའི་གོ་རིམ་ནི་འདི་འདྲའི་ལས་སླ་བོ་ཞིག་ཡིན།    དཔེར་ན།      དགེ་བཤེས་ཤིག་དགོངས་པ་རྫོགས་རྗེས་སུ།     ཆོས་བརྒྱུད་གཞན་གྱི་ཁྱབ་ཁོང་།     དུས་རྒྱུན་ལག་པ་འཆང་ཐབས་མེད་ས་ཞིག་ནས་གོ་སྐབས་འཚོལ་ཅིང་།        འདི་བྱས་ན་ཤུགས་རྐྱེན་ཅུང་ཟད་ཐེབས་ཐུབ་པར་འདུག་སྙམ་པའི་ཕྲུག་གུ་ཞིག་གདམས་རྗེས།     སྐུ་སྒེར་ཡིག་ཚང་ནས་ཐེལ་ཚེ་ལེན་འོང་བ་དང་།     དེ་ཁྱེར་ནས་ཁྱེད་ཚང་གི་བུ་ངེད་ཀྱི་བླ་མའི་ཡང་སྲིད་ཡིན་པར་རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་སོང་ཟེར་ཏེ།   སྔར་ནས་བཀོད་བསྒྲིགས་དང་རྫུན་བཟོ་བྱས་པའི་ཡིག་ཆ་བསྟན་པ་ན།      བརྒྱ་ཆ་བརྒྱ་ཁྱིམ་ཚང་དེས་ཁས་ལེན་བྱེད་འགྲོ་བ་ཡིན།    འདི་ལ་ཁས་ལེན་ཐོབ་པའི་རྒྱུ་སྐྱེན་གཉིས་ཡོད་པ་ལས།        དང་པོ་ནི་བོད་བརྒྱུད་ནང་བསྟན་གྱིས་ཁྱབ་པའི་ལུང་པ་དག་ཕལ་ཆེར་རྨོངས་དད་ཤས་ཆེ་བས་རྫུན་གྱི་འཁྲབ་སྟོན་དེར་ཡིད་ཆེས་འགྲོ་བ་དང་།     གཉིས་པ་ནི་རང་གི་བུ་མིང་སྙན་གྲགས་དང་རྒྱུ་འབྱོར་བའི་ཐོག་ཏུ་ཐོན་འགྲོ་བར་སྙམ་ཏེ་རང་དབང་མེད་པར་བསླུ་བྲེད་ཐེབས་འགྲོ་བ་རེད།།

སྤྲུ་རྫུན་བདག་པོ་ཕོག་རྗེས་སྔར་འབྲེལ་མེད་ཀྱི་མི་ཚང་དེ་དང་རང་བཞིན་གྱིས་འབྲེལ་བ་དམ་པོ་ཞིག་ཚུགས་ཚར་བས་ན།     རིམ་གྱིས་པའི་ཐབས་འཕྲུལ་ལ་བསྟེན་ནས་ཆོས་ལུགས་བསྒྱུར་ཏེ་རང་གི་དབང་བསྒྱུར་འོག་ཚུད་ཐབས་བྱེད་པ་ཡིན།     དེ་ཡང་མང་པོ་ཞིག་བསྒྱུར་མ་ཐུབ་ཀྱང་ཁེ་མ་གཏོགས་གྱོང་རྩ་བ་ནས་མེད་པའི་བསམ་བློ་གཏོང་གི་ཡོད།     གོང་ལྟར་གྲ་སྒྲིག་ཡོད་པའི་ཐོག་ནས་ཆོས་ལུགས་བསྒྱུར་ཏེ་ཁྲིད་ཡོང་བའི་སྤྲུལ་རྫུན་ནི་སེ་འབྲས་དགའ་གསུམ་ན་ད་ལྟ་གང་མང་མཆིས་ཤིང་།     ཁོང་ཚོ་ནི་འབྲུག་ཡུལ་དང་།    འབྲས་ལྗོངས།     ལ་དྭགས།    ཁུ་ནུ།    ག་ཤ།    དེ་བཞིན་ཁམས་སྡེ་དགེ་དང་ལྷ་ཐོག་སོགས་སྔར་དགེ་ལྡན་པའི་བསྟན་པའི་བཙན་འཛུལ་བྱ་ཐབས་མ་བྱུང་ས་དག་ནས་ཁྲིད་འོང་བ་རྐྱང་རྐྱང་རེད།       སྤྲུལ་རྫུན་ངོས་འཛིན་བྱེད་པ་ནི་དེ་ལྟར་བསམ་བཞིན་དུ་གཞན་གྱི་ཆོས་བརྒྱུད་བསྒྱུར་བ་དང་།     རང་གི་ཆོས་བརྒྱུད་རྒྱ་བསྐྱེད་ཀྱི་ཕྱིར་དུ་མ་ཡིན་ན།      དགེ་བཤེས་ལྔ་ལམ་དུ་ཆས་ཚད་ཆོས་བརྒྱུད་གཞན་གྱི་ཁྱབ་ཁོང་ལ་སྐྱེ་དགོས་དོན་ག་རེ་རེད།      སྐྱེ་བ་གོང་མ་ལམ་དུ་ཞུགས་མིན་ཡང་ཐེ་ཚོམས་ཡིན་པ་མང་བས་སྐྱེ་བ་ལ་དབང་ཐོབ་པའི་དོན་མེད་པའི་ཕྱིར།      ཁ་ཆེ་དང་།        ཧིན་དྷུ།   ཡེ་ཤུ་སོགས་ཀྱི་ཁྱིམ་ལ་མི་སྐྱེ་བའི་རྒྱུ་མཚན་ག་རེ་རེད།     དོན་དངོས་ནི།      ཆོས་ལུགས་དེ་དག་བསྒྱུར་མི་ཐུབ་པས་ཡིན་ལ།      དེ་དག་ལ་འཛམ་གླིང་ཐོག་སྟོབས་ཤུགས་ཆེན་པོ་ཡོད་པས་ལག་འཆང་མ་ཕོད་པ་ཙམ་རེད།།

ཡིན་ན་ཡང་།      དེ་ལྟར་སྤྲུལ་རྫུན་བེད་སྤྱད་དེ་ཆོས་བརྒྱུད་གཞན་གྱི་ཁྱབ་ཁོང་ཟ་བ་ལའང་།     དེ་ལ་དཔག་པའི་རྣམ་དཔྱོད་དང་།      ཐབས་འཕྲུལ།      དབང་ཤུགས་སོགས་དགོས་པ་མ་ཟད།      མགོ་བོར་བདེ་ལྕག་འཁྱུག་པོ་དང་རྫུན་ལ་ཐོགས་པ་མེད་པ་ཞིག་དགོས་པས་ན།      ད་ལྟའི་བོད་ཀྱི་ཆོས་རྒྱུད་དག་གི་ནང་ན་དགེ་ལུགས་པ་མ་གཏོགས་འདི་བེད་སྤྱོད་བྱེད་ཐུབ་མཁན་མི་འདུག་སྟེ།     ཆོས་བརྒྱུད་གཞན་དག་གིས་ད་དུང་སྤྲུལ་སྐུའི་ལམ་ལུགས་ཀྱི་རྫུན་ཕུགས་རྟོགས་མེད་པས་ཡིན།      དེ་བས་ད་ལྟའི་ཆར་ཆོས་བརྒྱུད་གཞན་པ་ལའང་།      སྤྲུལ་རྫུན་ཀྱིས་དབང་སྒྱུར་རྒྱ་བསྐྱེད་པའི་ལམ་ལུགས་ལག་སྟར་བྱ་དགོས་སྙམ་པ་དང་།     བྱེད་པའི་མགོ་བཙུགས་མཁན་རེ་ཟུང་ཡོད་ལས་ཆེ་མོད།      ཁོང་ཚོ་གཙོ་བོ་ནང་ཁུལ་འགྲན་རྩོད་དང་རྒྱུ་འབྱོར་གྱི་འདུ་འགོད་ཙམ་ལ་མགོ་འཁོར་ནས་བཞུགས་ཡོད་དུས།      སྤྲུལ་རྫུན་བེད་སྤྱོད་བྱ་ཡུལ་ཀྱང་གཙོ་བོ་དེ་དག་ཡིན་པ་གསལ་པོ་རེད།།

སྤྲུན་སྐུ་ལམ་ལུགས་ལ་ཚོད་འཛིན་བྱེད་པའི་རྒྱ་དམར་གཞུང་གི་བྱེད་ཐབས་ལ་ལད་ཟློས་ཀྱིས་ཚུལ་དུ།       སྔར་དགའ་ལྡན་ཕོ་བྲང་གིས་ཀྱང་ཚོད་འཛིན་གྱི་འཆར་གཞི་ཞིག་འཐེན་མྱོང་བ་ཡིན་མོད།    གནས་ཚུལ་དེས་དེང་སང་སྤྲུན་རྫུན་བཟོ་ཚད་མཐོ་ཤོས་དགེ་ལྡན་པ་ཡིན་པའི་དངོས་དོན་ལྷང་ལ་ཕུད་པས་ན།     རང་བཞིན་གྱིས་རྩིས་མེད་དུ་གྱུར་སོང་བ་ཚང་མས་ཤེས་གསལ་རེད།      གང་ལྟར་དགེ་ལྡན་པས་དགེ་བཤེས་དགོངས་པ་རྫོགས་ཚད་ལ་སྤྲུན་རྫུན་རེ་བཟོས་ཀྱང་གཞན་ལ་ཐེ་གཏོགས་ཆེན་པོ་མེད་པའི་དབང་བཏང་།     འོན་ཀྱང་གྲུབ་ཆེན་ཏེ་ལོ་པ།        རྗེ་བཙུན་མི་ལ།    བོ་དོང་ཕྱོགས་ལས་རྣམ་རྒྱལ།    བུ་སྟོན་ཐམས་ཅད་མཁྱེན་པ།     དེ་དང་དེ་བཞིན་གྱི་ཆོས་བརྒྱུད་གཞན་གྱི་སྔོན་བྱོན་སྐྱེས་ཆེན་དམ་པ་དག་ལ་སྤྲུན་རྫུན་བཟོ་བའམ་དེ་དག་གི་མཚན་བེད་སྤྱོད་བྱེད་པ་འདི་ནི།    རྒྱལ་སྤྱིའི་རིག་གཞུང་བདག་དབང་སྲུང་སྐྱོབ་ཀྱི་ཁྲིམས་དང་འགལ་བ་མ་ཟད།      ཆོས་བརྒྱུད་དེ་དག་གི་རྗེས་འཇུག་རྣམས་ལ་མཐོང་ཆུང་དང་ཁྱད་གསོད་ཚ་ཐག་ཆོད་པ་མ་ཡིན་ནམ།     ཆོས་བརྒྱུད་གཞན་དག་གིས་ཀྱང་རྗེ་ཡབ་སྲས་ལ་སྤྲུལ་རྫུན་བཟོས་པ་དང་།     དེ་དག་གི་མཚན་གང་བྱུང་དུ་བེད་སྤྱོད་བྱས་སོང་ན་རང་ཉིད་ཀྱི་སེམས་ལ་ཚོར་བ་ཅི་འདྲ་སྐྱེ་བ་དང་།      ཕོག་ཐུག་ཇི་ཙམ་འོང་བར་འདུག       མི་རང་ས་དང་རང་མི་ས་ལ་བཞག་སྟེ་ཐུགས་བསམ་དྲང་མོ་རེ་བཞེས་རྒྱུ་གལ་ཆེན་ཡིན་ཏེ།    འདི་དག་བོད་མི་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་ཡོང་མིན་དང་འབྲེལ་བ་ཆེན་པོ་ཡོད་པས་མི་རིགས་སྤྱི་ཡི་གནད་དོན་དང་འབྲེལ་འདུག་པས་སོ།།

དེ་ཙམ་མ་ཟད།        ཆོས་མེད་རྒྱ་དམར་གཞུང་གིས་ཀྱང་།      བོད་མིའི་རྨོངས་དད་ཧ་ཅང་ཆེན་པོ་ཡིན་པས་སྤྲུལ་རྫུན་གྱིས་ནུས་པ་བློ་ཡུལ་ལས་འདས་པ་ཐོན་གྱིས་ཡོད་པའི་གནས་ཚུལ་འདི་ཧ་གོ་བས།        ཁོང་ཚོས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་ལ་ལག་པ་འཆང་མགོ་ཚུགས་པ་ཚང་མས་ཤེས་གསལ་རེད།      དེས་མ་ཚད་དེང་སང་སྤྲུལ་རྫུན་དག་ནི་སྤྱི་ཚོགས་སྙོག་གླེང་གི་ཕུང་གཞི་དང་ནང་བསྟན་རུལ་སུང་གི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་པས།        རིང་མིན་མིང་གི་ལྷག་མ་ཙམ་དུ་གྱུར་དགོས་པའི་སྲོལ་ནག་ཞིག་རེད།      མདོར་ན།     སྤྲུལ་སྐུའི་ལམ་ལུགས་ནི་མི་དམངས་ཀྱི་རྨོངས་དད་ལ་དཔགས་པའི་གཡོ་འཕྲུལ་གཏིང་ཟབ་ཅིག་དང་།    དེ་ཡང་དུས་ཡུན་རིང་པོར་གོམས་ལོབས་སུ་སོང་བས་ན་གོམས་གཤིས་སུ་འཇགས་པ་ཙམ་ཞིག་ལས་ཅི་ཡང་མིན་པ་ནི་ཚད་མས་གྲུབ་པ་ཡིན་ལ།      འདི་དག་གི་རྫུན་ཁུངས་མངོན་སུམ་དུ་བརྡོལ་ཀྱང་ཚད་གྲུབ་མིན།     སྐྱོན་མཚང་མངོན་གྱུར་དུ་ལྡང་ཡང་ཚད་གྲུབ་མིན་ན།     གཟུགས་སྒྲ་དྲི་རོ་རིག་བྱ་སོགས་གཟུགས་རགས་པ་དག་ཀྱང་ཚད་གྲུབ་ཏུ་འཇོགས་དཀའ་མོ་ཡིན་ཏེ།     མིག་གིས་མཐོང་།   རྣ་བས་ཐོས།      སྣ་ཡིས་ཚོར།     ལྕེ་དང་ལུས་ཀྱིས་མྱོངས།    ཡིད་ལ་ངེས་ཤེས་སྐྱེས་ཀྱང་ཚད་མས་གྲུབ་པས་མ་ཁྱབ་པའི་ཕྱིར་རོ།།

༢༠༡༢་༡༡་༡༩་།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
ཁྱོད་ཀྱིས་ནང་པའི་ཆོས་ལུགས་ལ་དམའ་འབེབས་དང་སྤྲུལ་སྐུར་དམའ་འབེབས། ལྷག་པར་དུ་རི་བོ་དགེ་ལུགས་པར་དམའ་འབེབས་ཚད་མེད་བྱས་འདུགས་པས་ཁྱོད་ནི་ཆོས་ལུགས་ཐེན་འཁྱེར་བ་ཞིག་རེད༌།
སྤྱི་ན་ཁྱོད་ཀྱིས་བཤད་པ་ཐམས་ཅད་རྫུན་རྐྱང་ཡིན་ཞེས་ངས་བཤད་མི་ནུས་ཀྱང་། རེ་གཉིས་ཁྱོད་རེས་ཆེ་དྲགས་པའི་སྐྱོན་རེད་འདུག །དགེ་ལྡན་པས་དགེ་བཤེས་ཡོད་ཚད་ལས་སྤྲུལ་སྐུའི་ཡང་སྲིད་འཚོལ་ཟེར་བ་འདི་ཁྱོད་ཕྱོགས་རིས་ཀྱིས་མིག་ལོང་ཟོང་བའི་རྟགས་རེད། ལྷག་པར་དུ་དགེ་ལྡན་པའི་ནང་ནས་དེ་སྔོན་ཕྱོགས་གང་དུ་བལྟས་ཀྱང་བླ་མ་དགེ་བཤེས་གང་ཡིན་ཡང་ཕལ་ཆེར་ཚད་ལྡན་རྐྱང་དུ་ཡོང་གི་ཡོད་པ་དེ་དགེ་ལྡན་པ་བསྒྲིགས་འཛུགས་ཚད་ལྡན་ཞིག་ཡོད་པའི་རྟགས་རེད། དགེ་ལྡན་པའི་ཆོས་གྲྭའི་ནང་དུ་ཆོས་བརྒྱུད་གཞན་ཚོགས་ཁ་ཤིག་ཤིག་ཡོང་པ་དེ། དགེ་ལྡན་པ་སློབ་གཉེར་བཟང་བའི་རྟགས་རེད། བླ་མ་ཕལ་ཆེར་རབ་བྱུང་གི་རྟེན་ལ་གནས་ཤིང་ཚུལ་མཐུན་སློབ་སྦྱོང་དང་སྡོམ་པ་བསྲུང་བར་མཛད་ཀྱི་ཡོད་པ་དེའང་། དགེ་ལྡན་པའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན། སྔགས་ཀྱི་རྟོགས་པ་མ་རྙེད་བཞིན་དུ་རྙེད་མདོག་གིས་ལྷ་ཁྲབ་འདྲེན་ཁྲབ་མེད་པ་དེའང་དགེ་ལྡན་པའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན། ཡང་སྲིད་འཚོལ་བ་ཆོས་བརྒྱུད་ཀུན་འདྲ་ཡང་འཚོལ་སྟངས་ལག་སུ་འཇོག་དང་ཁ་སུ་མཁས་མིན་པར་ཀུན་གྱིས་ཁས་ལེན་པའི་རྩ་བ་རྒྱལ་བ་ཡིད་བཞིན་ནོར་བུ་ཁོ་ནས་བཙལ་བ་དེ་ཡང་ཡང་སྲིད་འཁྲུལ་བྲལ་ཞིག་དང་། བསྟན་འགྲོ་ལ་ཕན་ཐོགས་མཁན་ཞིག་ཡོང་རྒྱུའི་རེ་བ་བཅང་པ་ཞིག་རེད་མ་གཏོགས། དགེ་ལྡན་པ་ཁྱིམ་གཞི་རྒྱས་ཐབས་ཡིན་ན། དེ་འདྲ་དཀའ་མོ་དགོས་དོན་མེད། བླ་མའི་མིང་ཐོགས་ཚད་ཀྱིས་ཡང་སྲིད་བཙལ། ཕྱི་མི་སྦྱིན་བདག་གང་དྲགས་དྲགས་ལ་མིང་ཆེན་པོ་རེ་བཏགས། ཕྱི་མར་ངན་སོང་མི་གཏོང་བའི་ཁས་ལེན་འདྲ་བྱེད་ན་སྦྱིན་བདག་མང་དུ་འགྲོ་རྒྱུ་དང་། ཁྱིམ་གཞི་རྒྱས་སུ་འགྲོ་བ་མངོན་སུམ་ཡིན་ཡང་དགེ་ལྡན་པས་དེ་འདྲ་བྱེད་ཀྱི་མེད་པ་དེ། ཁྱོད་ཀྱིས་བཤད་པའི་སྐད་ཆ་རྣམས་རྫུན་མ་རྫུན་རྐྱང་ཡིན་པའི་དཔང་རྟགས་འཁྲུལ་མེད་ཅིག་རེད། ཐ་མའི་རེ་བ་ཞུ་རྒྱུར། འདི་མཐོང་དུས་མ་ཁྲོ་རོགས།བརྗོད་གཞི་གཞན་ཁག་ལ་གཟིགས།