ཟུངས་ཁྲག་གིས་སྨྱོས་པའི་མེ་ལྕེ།

ཟུངས་ཁྲག་གིས་སྨྱོས་པའི་མེ་ལྕེ།
བསྐལ་པ་སྟོང་གི་མུན་པའི་མངལ་སྦུབས་ན་སྦྲུམ་པའི།
གོད་ཆག་དང་འཇིགས་ཉེན་གྱིས་ཟོས་པའི་པོ་ཏ་ལ།
ཟུངས་ཁྲག་གིས་སྨྱོས་པའི་མེ་ལྕེའི་འོད་ངོགས་ནས་མངོན་བྱུང་།
རྡོ་སྣུམ་དང་ཟུངས་ཁྲག་གི་རྦ་རླབས་འཁྱིལ་བའི་ཁུགས་སོ་ན།
འོད་དུ་བཞེངས་བའི་བཙན་པོའི་སྙིང་སྟོབས་མེ་ལྕེའི་ཟོལ་གྱིས་མཆེད་པས།
ལོ་རྒྱུས་ཀྱི་གས་སྲུབ་ཏུ་ལྷུང་བའི་པོ་ཏ་ལ།
འཛམ་གླིང་གི་མཐོ་ས་ནས་མངོན་བྱུང་།

 

མངོན་སྟངས་དེ    སྙིང་གས་གཞི་དང་སྙིང་སྟོབས་སྐྱེ་གཞི་རུ་གྱུར་པའི།
ཟུངས་ཁྲག་གིས་སྨྱོས་པའི་མེ་ལྕེ་དེའི་སྟོབས་ཤུགས་དང་འཕྲིན་ལས་ལགས་ཏེ།
མེ་ལྕེ་དེ་ནི།      དཔའ་བོ་ཚོའི་ཟུངས་ཁྲག་རྡོ་སྣུམ་དང་འདྲེས་ཏེ་འཁུལ་སྟངས་ཞིག་དང་།
དཔའ་མོ་ཚོའི་གསོན་སྙིང་དྲོན་མོ་མེ་ཀློང་ན་ལྡིང་བའི་སྟངས་སྟབས་ཡིན་པས་སོ།
ད་དུང་མེ་ལྕེ་དེ་ནི།                 འཚོ་གནས་དང་དབང་གི་ཆེད་དུ།
ཆེས་ཐོག་མར་མཐོ་སྒང་ནས་འཛམ་གླིང་ལ་ཆད་ཅིང་ཐོར་བའི་ཟི་ར་དམར་པོ་ཞིག

 

ཟུངས་ཁྲག་གིས་སྨྱོས་པའི་མེ་ལྕེ་དེ།
བདག་གི་ཕུ་ནུ་མིང་སྲིང་ཚོའི་ཤ་རྗེན་ཐོག་ཏུ་དམར་འུ་རུ་རུ་འབར་དུས།
དགྲ་ཚོགས་ཀྱི་སྙིང་ལ་འོད་ཀྱི་དུག་མདའ་ཟུག་ཅིང་།
གངས་ཅན་པའི་ལོ་རྒྱུས་དེབ་ཐེར་གྱི་སུལ་ན་གསེར་ཡིག་ཐོར་བ་བདེན་ངེས་ཀྱང་།
བོད་མི་རྣལ་མ་རེ་རེའི་སྙིང་གི་ཕྱེད་ཀ་བསྲེགས་སོང་བའང་བདེན་པ་ཡིན་ངེས།
མེ་ཡི་གཤོག་ཟུང་བརྐྱངས་ཏེ་རང་དབང་གི་དག་ཞིང་བསྙེགས་པའི་ཕུ་ནུ་མིང་སྲིང་ཚོ།
ཁྱེད་ཚོས་མེ་ལྕེ་ཡི་རྣོ་དབལ་བཟོད་ནུས་ཀྱང་།
ང་ཚོའི་སྙིང་ཁོང་གི་ན་ཟུགས་བསྲན་ཐབས་བྲལ་སོང་།
༢༠༡༢་༡༡་༡༠་།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: