དོ་དགོང་གི་འདོད་ཆགས་ཁྲོད་ལྷུང་བའི་རྨི་ལམ།

མི་ཚེའི་ཕུགས་འདུན་དང་རེ་སྙེག་ནི
ཁྱེད་ཀྱི་སེམས་ཁོང་དུ་འཁྱིལ་བའི་དམ་བཅའ་ཡིན་ཡང་
རང་ཉིད་ལ་སྤོབས་པ་དང་ང་རྒྱལ་གྱི་ཁེངས་དུས
དེ་ནི་རྔུལ་ཁྲག་འབྱིན་པའི་འཚོ་བ་ཞིག་ག་ནས་ཡིན
ས་མཐའི་རེ་སྒུག་དང་འཚོལ་སྙེག་ནི རང་ཉིད་ཀྱི་བདེན་དོན་སྐྱོང་བའི་གོམ་སྒྲ་ཡིན་རྐྱེན
གོམ་པ་རེ་རེ་སྤོ་དུས
ཁུར་བོ་རེ་ཡོད་པ་བརྗེད་ག་ལ་ཐུབ
གནས་འདི་ནི་ཁྱེད་ཀྱི་ཁྱིམ་གཞི་མིན་པས
རང་ཉིད་ཀྱི་བགྲོད་ལམ་ནི་བརྗོད་མི་ཚར་བའི་སྐྱོ་སྣང་གིས་ཁེངས་འདུག
མཐོང་ཆུང་དང་ཟུར་ཟས་ཁྲོད་དུ
ཁྱེད་ཀྱི་ལེན་ཆོག་ལ་དོར་ཀྱང་ཆོག་པའི་བརྩེ་དུང་གི་འཇིག་རྟེན་ཞིག་ཡོད་ལ
དེ་ལ་གཅེས་སྤྲས་མི་བྱེད་པར
རང་ཉིད་སྡུག་རྩུབ་ཆེ་བའི་དུག་སྦྲུལ་བཞིན
ཉམ་ཆུང་གི་སྲོག་ཆགས་ལ་དཀར་ནག་གི་དབྱེ་བ་མ་ཕྱེས་ཚེ
སུན་སྣང་གི་མིག་ཟུང་ཁྱེད་ལ་བགྲད་དེས
ཐམས་ཅད་ཀྱི་སེམས་ཁོང་དུ
རྟག་ཏུ་ན་ཟུག་གིས་ཟད་འགྲོ
འཇིག་རྟེན་འདིའི་བརྩེ་དུང་གིས་ཆེད
ཁྱེད་ཀྱི་རེ་སྙེག་དེའི་ཕུགས་རྒྱང་ལས
གཅེར་བུ་ཕུད་པའི་གཟུགས་གཞི་མངོན་ཏེ
དམར་ཧྲེང་ཧྲེང་གི་མཆུ་ཏོས་འདོད་ཆགས་སློང་བ
ཡང་སྙིང་སུ་ཞིག་གི་འཇོན་ཐང་ཡིན
སྐབས་དེར   ཡོད་ཚད་རིན་ཐང་ལྡན་པའི་འཚོ་བ་དང་བརྩེ་དུང་ཁྲོད
ཕན་ཚུན་གྱི་ཡིད་ཆེས་དུ་ཚོར་བཞིན
སྔས་འབོལ་དང་ཉལ་ཁྲིའི་ཐོག་ཏུ
འཕག་འཚག་གིས་ཟློས་གར་འཁྲབ་ཏེ
སེམས་ཁོང་གི་ཁས་ལེན་གྱི་ཐ་སྙད་མང་པོ་བརྩེགས་དུས
ཁང་ཁྱིམ་དེར་རེ་ཞིག་དྲོད་སྐྱིད་ལྡན་པའི་ཁྱིམ་གཞི་ཞིག་ལྡན
ཞོགས་པའི་སྐྱ་རེངས་དང་ཉི་རྩེ་བསུ་མི་འདོད་པའི་ལྟེབས་ཁུག་ཏུ
གཉིད་རབ་རིབ་དང་རྨི་ལམ་འཁྱར་འཁྱོར་གྱིས
སེམས་ཁྲལ་ཕལ་མ་ཞིག་སྤྲད་དེ
གཞི་ནས་གྱེས་བྲལ་གྱི་དུས་ལ་སླེབས་པ་རྟོགས་བའི་ཉིན་མོར
ཁེར་རྐྱང་གི་སྣང་བ་ལས
ཟློས་གར་ཐུང་ཐུང་ཞིག་གི་བརྒྱུད་རིམ་དེ
རང་ཉིད་ཀྱི་མ་འོངས་བའི་འཚོལ་སྙེག་ཏུ་གྱུར་ཡོད་པས
ཁྱེད་ཀྱི་མི་ཚེའི་བགྲོད་ལམ་ནི་དངོས་གནས
སྐྱོ་གདུང་དང་སུན་སྣང་དུ་མི་མཐོང་བར
དོ་དགོང་འཁྱུད་པའི་འདོད་ཆགས་མངར་མོ
བརྗོད་དཀའ་བའི་དྲན་ཤིང་ཞིག་ཏུ་བཀོད་དེ
ཡོད་ཚད་མཇུག་འབྲས་ལྡན་པའི་བརྩེ་དུང་གི་བརྗོད་ཚིག་ཏུ་འཇོག་རོགས

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།