གཙང་འགྲམ་དུ་བཞད་པའི་མེ་ཏོག་སེར་ཆེན།

དྲོད་འཇམ་གྱི་འཚོ་བའི་རྨི་ལམ་ལས་བསྐྱོད་དུས
ལྗིད་ཏིག་གི་ཁུར་བོས་མནན་པའི་སེམས་པ
ཅ་ཅོ་ཡིས་ཁེངས་པའི་གསང་ལམ་ན
གོམ་སྣེ་ལ་འགྱུར་ལྡོག་བྱུང་མ་མྱོང་
ཡོད་ཚད   འདས་ཟིན་པའི་བརྩེ་དུང་གི་ལོ་རྒྱུས་ཁྲོད
ཁ་དགོད་ཚོའི་རུ་ཚོགས་ལས་གྲོལ་ཆེད

ཞི་བགྲོད་ཀྱི་འཚོ་བར་དགོད་སྒྲའི་བདེ་སྣང་མཆིས
མཛེས་སྡུག་དང་དྲི་ཞིམ་འཐིབ་པའི་གཙང་འགྲམ་ན
ཆེས་ཡིད་དུ་འོང་བའི་མེ་ཏོག་སེར་ཆེན
རྔམ་བརྗིད་དང་མཛེས་སྡུག་གིས་བཞད་དུས
ལམ་འགྲམ་དང་སྲང་བར་ན
སྐོམ་གདུང་གི་མནར་བའི་འཁྱམ་པ་ཚོ
སུན་སྣང་གི་སྐོམ་གདུང་ཅི་ཙམ་མྱངས་པ
ཧམ་རྒྱུགས་ཀྱི་གོམ་སྒྲ་ལས་ཚོར་ཐུབ
སྐྱོ་གདུང་གི་ངལ་དུབ་ལས་ཅི་ཡང་མ་རག་པའི་འཁྱམ་པ་ཚོ
སྟོང་སེམས་འཛིན་པའི་གླེན་པ་ཁྱུ་ཞིག
གཙང་འགྲམ་དེའི་དྲི་ཞིམ་ཁྲོད
རེ་བ་ཉག་ཅིག་གི་མིག་ཟུང་བགྲད་དུས
མེ་ཏོག་སེར་ཆེན
ཁྱེད་རང་སྔར་ལས་རྔམ་བརྗིད་ཀྱི་འགྲེང་ཆོག་ལ
དྲི་ཞིམ་དང་མཛེས་སྡུག་གིས་ཁོ་བོ་ཚོར
ཡང་བསྐྱར   བསམ་གཞིགས་ཀྱི་མནར་གཅོད་བཏང་ཆོག
ཁྱེད་རང་གནས་དེར་བཞད་པ་ནས
དྲི་ཞིམ་གྱི་ཚོར་བ་ཆད་མ་མྱོང་ལ
དུངས་ཞེན་གྱི་གསང་ལམ་ན་འགྲིམ་པའི་ལྐུགས་པ་ཚོ
ཁྱེད་ལ་རེ་ཉག་གིས་མིག་ཟུང་བགྲད་ནས
སྙིང་ཆུང་གི་འཕར་ལྡིང་ཇེ་མགྱོགས་ནས་ཇེ་མགྱོགས
མིག་ཟུང་རབ་རིབ་ཏུ་གྱུར
འོན་ཀྱང་  ཁྱེད་ཀྱི་དྲི་ཞིམ་དེས
སྦྲང་མ་དང་ཕྱེ་ལེབ་དཀར་པོའི་གཤོག་ལེབ་ཀྱི་འདབ་མ་དང་འགྲོགས་ཏེ
དགོད་སྒྲ་ཡིས་གླུ་གཞས་གྱེར་ནས་སླེབས་དུས
ཁོ་བོ་ཚོའི་མགོ་བོ་བྲང་ཁར་སྨད་བཞིན
སེམས་སྐྱོ་བའི་མིག་ཆུ་ལག་མཐིལ་ནས་ཟགས
ཁོ་བོ་ཚོ  ཡང་བསྐྱར
གཙང་འགྲམ་དུ་རེ་སྒུག་གི་འཐབ་ར་བསྙེགས་དགོས་པ
ཁོ་བོ་ཚོའི་ལས་དབང་ཡིན་ལ
རེ་སྒུག་གི་ཧྲག་བར་ན་འབྱུང་བའི་འདོད་སེམས་ཀྱང་ཡིན
འོན་ཀྱང་    ཁྱེད་ཀྱི་འདྲེན་བྱེད་སྟོང་གི་ཁ་དུག་འོག
བརྩེ་དུང་གི་མགོ་བོ་སྒུར་མི་རུང་ལ
རེ་སྙེག་གི་ལོ་ཟླ་ལ་ཕྱིར་འཐེན་བྱེད་མི་རུང་
དྲང་བདེན་གྱི་འཇིག་རྟེན་ཞིག་ན
ཁྱེད་ཀྱི་མཛེས་སྡུག་ལ་ཅེར་བའི་གཡུ་སྦྲང་ཞིག
ཁྱེད་ཀྱི་རེ་བ་དང་དམ་བཅའི་ཕྱིར་དུ
ཁྱེད་ལ་ལྟ་འདོད་ཀྱི་ཁུར་བོ་དོར་མ་མྱོང་ལ
ཆེས་དམིགས་བསལ་གྱི་བརྩེ་དུང་གི་འཚོལ་སྙེག
ཁྱེད་ཀྱི་ཆེད་དུ་བརྗེད་ག་ལ་སྲིད
འདི་ལྟར   ཁྱེད་ནི་ནམ་ཡང་གཡུ་སྦྲང་དེའི
མགྲིན་གླུ་ལས་གྱེར་བཞིན་པའི་གཙང་འགྲམ་གྱི་མེ་ཏོག་སེར་ཆེན

༢༠༡༠ཟླ་༦ཚེས་༢༠ཉིན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།