སྡུག་བསྔལ།

ང་ནི་གང་སར་འཁྱམས་པའི་བདག་མེད་སྲོག་ཆགས་ཞིག    ང་ཡི་གང་དེ་འདོད་པའི་སེམས་ཀྱི་འཆར་སྣང་འདི།།
སུ་ཡིས་ཤེས་ཀྱང་སྡང་བའི་མདའ་མོ་ང་ལ་གཏོད།།    ང་ཡི་ཚེ་སྲོག་འདི་ལ་བར་ཆད་མོད་པ་ཅི་ཞིག་ལགས།།

ང་ལ་མཁོ་བ་ཞི་བདེ་འཚོ་བའི་ལམ་བུ་ཞིག     ང་ཡིས་སྙེག་པ་རྫ་རི་སྨུག་པོའི་མཛེས་སྡུག་ཡིན།།
ང་ཡིས་འཚོལ་བ་བདེ་སྣང་འཁོར་བའི་དྲོད་སྐྱིད་ཞིག   ཁྱེད་ལ་གནོད་པའི་སེམས་དང་བློ་སྤོབས་གང་ནས་འབྱུང་།།

རྫ་རུ་སྔོན་མོའི་ཁ་རུ་བརྒྱུད་དེ་འགྲོ་དུས་སུ།།   ཁྱི་སྤྱང་སྔོན་མོས་རི་དེའི་རྩེ་ནས་ཟུག་སྐད་འབྱིན།།
གློ་བུར་རླུང་འཚུབ་ཞིག་གི་སྔོན་ནས་དེད་ནས་ཡོང་།།  མིག་འདི་བཙུམ་ཐེངས་གཅིག་གིས་བརྩེ་བའི་མ་དང་བྲལ།།

དེ་ནས་རྫ་ཁོག་སྐམ་པོའི་ངུ་སྐད་འཇགས་ཐབས་བྲལ།།  དྲིན་ཆེན་མ་ལོའི་སེམས་གཏམ་གོ་རྒྱུ་མེད་པར་ལྷག།།
ཉམ་ཆུང་ང་འདྲའི་གྲིབ་གཟུགས་ཙམ་ཡང་འགྲོ་རོགས་མེད།།  རྫ་དང་ནགས་འདབས་ཡོད་ཚད་འཁྱགས་པས་བཏུམས་ནས་བསྐྱོད།།

ཞེ་སྣང་འཚོ་བ་ཞིག་གི་ལམ་ཕྲན་བརྒྱུད་དུས་སུ།།  གདོང་ལྤགས་འདི་ཡང་སྡུག་གི་མཆི་མས་སྐམ་ཐབས་བྲལ།།
སེམས་པ་འདི་ཡང་སྡུག་གི་ཉམ་ཐག་གནས་སུ་ལྷུང་།།  གོམ་པ་རེ་རེ་དགྲ་བོས་ཁ་རུ་ཐར་ཐབས་བྲལ།།

ཤི་རེ་མི་བཟོད་སྡུག་བསྔལ་ཞིག་གི་ལོ་ཟླ་ན།།   ང་ཡིས་རྣམ་ཤེས་རྫ་འདབས་འདི་དང་འབྲལ་ཐབས་བྲལ།།
ཉམ་ཆུང་བེམ་པོ་ཞིག་གི་རང་དབང་འཚོ་བའི་ཆེད།།  ད་བར་འཇིག་རྟེན་འདི་རུ་བདེ་བའི་འཚོ་ཐབས་བྲལ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།