སྐྱོ་སྣང་གི་ཅོང་རྡ

གང་ཞིག་གི་བྱམས་བརྩེའི་འཛུམ་གསལ་ལས
ཐོག་མའི་འདུ་ཤེས་གསར་བ་ལ་བརྒྱུད་བཞིན་པའི་ངང་པ་ཁྱུ་ཞིག
བདེ་སྣང་དང་འདུ་འཛོམས་ཀྱི་ཉིན་མཚན་རེ་རེ
ཉེན་ཁ་དང་དགྲ་བོར་གཏད་མི་དགོས་ལ
སྐྱོ་སྣང་གི་བཞིན་རས་ཁུར་མི་དགོས རྣམ་དཔྱོད་དང་ངང་རྩལ་གྱི་འཛོམས་ཚེ
ཁྱོད་ཁྲི་གདུགས་ཉི་མར་ཁ་ཕྱོགས་ཏེ
བདེ་སྐྱིད་ཀྱི་གཞས་གར་སེམས་ཁོང་ནས་འཁྲབ་བཞིན
མཐའ་མི་མངོན་པའི་རྒྱ་མཚོའི་རྦ་རླབས་ལས་འཁོན་ཡངས་པའི་སེམས་རྒྱ་བསྐྱེད་ཆོགལ
སྔོ་སང་སང་གི་མཁའ་དབྱིངས་ལ་མིག་གི་འཛུམ་ཞལ་མངོན་ཆོག
ཕྱིར་ལྟས་ཀྱི་བགྲང་བྱ་མང་དུ་འགྲིམས་པའི་དུས་བཞིའི་འགྱུར་ཁུག་ལས
སྐྱོ་སྡུག་དང་གྲང་འཁྱགས་ཀྱི་འོ་དོད་འབྱིན་དུས
བཞུད་ལ་ཉེ་བའི་ཉི་ཟེར་གྱི་འོད་ཐིག་རེ་རེར་སྐྱོ་ལྷང་ལྷང་གི་ངུ་ངག་འདོན
དེ་བས
མཚན་མོར་ནག་ཡོབ་པའི་མིག་ཀོང་ལས་ཅི་ཡང་མི་མངོན་ལ
སྡུག་སྣང་གི་སེམས་ཤེས་ཕྲ་མོས་སུ་ཞིག་ལ་སྐྱོ་གླུ་ལེན
རེ་སྒུག་དང་འཇིགས་སྣང་ལས་སྐྱིད་གཡའ་བའི་མཚན་ལྗོངས་ཀྱི་གསང་འཕྲིན་རེ་རེ
ཁྱེད་ཀྱི་གཤོག་སྒྲོ་དང་འགྲོགས་ཏེ་རྒྱང་རིང་གི་མཚམས་སྤྲིན་ལ་འཁྱུད
ལྷག་པར་ཉི་ཟེར་ལ་ཕྱོགས་པའི་རེ་སྒུག་མི་གཡོ་བས
འཁོད་རྒྱ་ཆུང་བའི་བསམ་བློ
མཚན་སྨད་ཀྱི་སྤྲིན་ནག་གིས་གཡོགས་ཀྱང་
རེ་སྒུག་ལ་སྐྱོ་ལྷང་ལྷང་གི་གཏམ་རྒྱུད་ཀྱི་བསྐྱོད
འོན་ཀྱང་  བཞུད་བཞིན་པའི་དུས་ཕྲན་ལས་དྲན་གདུང་གི་སྤུ་ཉག་རེ་རེ་ལྷུང་དུས
ཕྱི་རོལ་གྱི་མཁའ་དབུགས་ཇི་ལྟར་རོལ་ཀྱང་
སེམས་ཁོང་གི་ན་ཟུག་དེ་བས་ཟབ
ཡིན་ཡང་  རྟོགས་དཀའ་བའི་ནང་སེམས་ཀྱི་རི་མོ་རེ་རེ
ཁྱེད་ཀྱི་བྲང་གཞུང་ལ་གཟེར་བའི་ཚེར་མ་དང་འདྲ་བར
འཁྱགས་ལྷུང་ངེར་མིག་ཀོང་ན་བཞུར་དུས
གྲངས་མི་ཟིན་པའི་ཐིགས་པ་རེ་ལས་གར་བགྲོད་མ་ཤེས་པའི་འཇིག་རྟེན་ལ་སྡང་སེམས་འཛིན
མཚམས་རེར    སེམས་སྐྱོ་བའི་བཞིན་རས་ལ་ཡིད་ཆད་པའི་རྣམ་འགྱུར་གྱི་ཁེངས་ཏེ
ཉམས་དམའ་བའི་འདུ་ཤེས་ལས་རང་སེམས་ལ་ཁེངས་སྐྱུང་གི་གད་མོ
རང་ཚོད་མི་ཐུབ་པའི་ན་ཟུག་གིས་སྒྲོགས
ཕུགས་བསམ་དང་འདུ་ཤེས་རིང་དུ་མེད་པའི་ཁེར་རྐྱང་གི་བེམ་པོ
སྐྱོ་ལྷང་ངེར་ཤི་གསོན་གྱི་བར་གླེགས་ན་དངངས་སྐྲག་གིས་འཚོ
ཡིད་ཆད་དང་བློ་ཕམ་གྱི་སྣང་བར་ཐབས་ཟད་ཀྱི་ཀུན་རྟོག་རྣམ་པར་གྲོལ་འདོད་ཀྱང་
ངར་ཤུགས་ཀྱི་བློ་རིག་རྨུན་པོའི་སེམས་བྱུས་ཏེ་ཕམ་ཁའི་གནས་བབ་ཡིན་རྐྱེན
དེ་འདྲ་བའི་སྡུག་བསྔལ་གྱི་རི་མོ་ཐོད་ལ་བརྩེགས་པའི་ཞག་ཕྲེང་གི་དུས་འགྱུར་ཁྲོད
ཁྱོད་ངར་ཤུགས་དང་བློ་སྟོབས་ཉམས་ཏེ་ཡིད་ཕམ་གྱི་ཁོར་ཡུག་ཞིག་ཏུ
སྐྱོ་སྡུག་གི་ཅོང་རྡ་འཇིག་རྟེན་ལ་སྒྲོགས་ཕྱིར
མཚན་མོ་འདི་མལ་ལས་དཀྲོགས་ཏེ་གྱེས་ཞག་གི་
སྨྲེ་ངག་དབང་མེད་དུ་ཤོར

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།