དུངས་སེམས་མཚོ་མོའི་རླབས་ཕྲེང་།

བདག་སེམས་བརྩེ་དུང་དམར་བོའི་གཤོག་སྒྲོ་བུ་ཆུང་ཁྱེད་ཀྱི་ཕྱོགས་སུ་འཁོར།།
ཐུན་གསུམ་རྨི་ལམ་ནག་པོའི་གྲིབ་གཟུགས་མཉམ་སྡོད་བྱེད་པའི་སྐལ་བ་དབེན།།
སྐྱོ་བའི་མཆི་མས་བྲང་གཞུང་རླན་ཤིང་བརྩེ་དུང་ཞིག་གི་རྣམ་ཐར་རྙེད།།
བདེ་སྐྱིད་རྟ་རྔ་ཙམ་ཡང་མ་རག་ཉམ་ཆུང་སེམས་ལ་མུན་པ་འཐིབས།།
སྟོང་སྐད་སྒྲོག་པའི་ང་ཡིས་སྐད་ཆའི་ཁྱེད་ཀྱི་སེམས་པ་འགུགས་ཐབས་བྲལ།།
ང་ཡིས་འཇིག་རྟེན་མིག་ཆུས་ཁུར་ནས་སྡུག་གི་གཉེར་བའི་ཕྲེང་ལ་བསྐྱལ།།
མཛའ་མཐུན་འཚོ་བ་མཉམ་གནས་བྱེད་པའི་སྐལ་བ་འདི་ནས་མ་ལྡན་ཚེ།།
མི་ཚེ་འདི་ལ་སྤྲོ་བ་མེད་ལ་ཕྱི་མའི་ཡུལ་དུ་བསྐྱོད་པར་འདོད།།
ཡངས་པའི་མཁའ་ནས་གཤོག་རྩལ་མངོན་པའི་ཁྲུང་ཁྲུང་ཁྱུ་ཡིས་རྗེས་སྙེག་བཞིན།།
སྙིང་རྗེ་རང་གཟུགས་གཉེན་ཆེན་ཐང་ནས་མུན་པའི་གྲོང་དུ་བཞུར་བར་སྤྲོ།།
སྟོང་གསུམ་མཁའ་ནས་སད་མེད་རྣམ་ཤེས་ངལ་གསོ་ཐོབ་པའི་སྐལ་བ་དབེན།།
བདག་མེད་བེམ་རོ་ཁེར་རྐྱང་ལྷག་རུང་ཐང་དཀར་རྒོད་པོ་འདུག་རོགས་ཡོད།།
བདག་སེམས་བདེ་སྐྱིད་མཚོ་མོའི་སྐྱ་རེངས་ཕྱི་མའི་ཡུལ་དུ་ཤར་བའི་དུས།།
དགོང་ཁའི་མི་རྐྱང་ཁྱེད་ཀྱི་སེམས་པ་སྐྱོ་བའི་ཐང་སྟོང་ཞིག་ཏུ་ལྷག།
ཁེར་རྐྱང་གྲིབ་མའི་གཡོ་འགུལ་ཁྲོད་ནས་སྐྱོ་བ་སངས་ཐབས་ག་ལ་ཡོད།།
ཕན་ཚུན་ལྟ་བའི་གོ་སྐབས་མ་རྙེད་འདོད་ལྷའི་བདེ་སྐྱིད་ཅི་ལྟར་འཚོལ།།
མི་མངོན་སེམས་ཀྱི་སྨག་རུམ་ཁྲོད་ནས་ཉམ་ཆུང་བུ་མོ་དགའ་མ་བཀོད།།
བརྩེ་བའི་རྒྱུ་མའི་དམུ་ཐག་ཁྲོད་ནས་འཚོ་བའི་འཁོར་ལོ་བསྐོར་མ་ཐུབ།།
དུང་བའི་ན་བཟའ་སེམས་ནས་བཀླུབས་ཀྱང་སྙིང་རྗེ་སེམས་པ་དབང་མེད་འཇོམས།།
རང་མལ་བདེ་བའི་འཁོར་བ་མཁོ་ཚེ་རྨི་ལམ་འདི་ལ་ཡང་ཡང་འཁོར།།
རྒས་མེད་སེམས་པ་དུང་ལས་དཀར་ཀྱང་རེ་བ་ཟབ་མོའི་དྲུག་འགྱུར་ལས།།
གསང་བའི་མན་ངག་མི་ཁའི་ར་མདའ་ནུས་མེད་བེམ་པོར་ཡང་ཡང་ཕོག།
འུ་ཐུག་སེམས་པ་ལྡོམ་པོ་འདི་ཡང་གསང་བ་སྟོང་གི་བཙོན་ནས་ལྷག།
དམྱལ་བ་མ་འདྲེན་འཁོར་བའི་འཚོ་བ་རྣག་ཁྲག་འདྲེས་མའི་འདར་སིག་སིག།
བརྩེ་དུང་ཞིག་གི་ཉེས་པ་ཁྲོད་ནས་དབུ་ཆང་ཧུབ་གང་བཏུང་འདོད་ཀྱང་།།
གཅེར་བུ་ཕུད་པའི་སེམས་པ་ཕྲ་མོ་འཁྱམ་པོ་གྲོང་ནས་ཁེར་རྐྱང་ལྷག།
སེམས་དང་སེམས་པའི་སྡུག་བསྔལ་འདི་ཡིས་དགུན་གསུམ་འཁྱགས་རླུང་མགྲོན་ལ་བོས།།
སྡུག་གི་མིག་ཟུང་བཙུམ་ཐེངས་གཅིག་གིས་ཁེར་རྐྱང་སེམས་པ་འཁྱགས་པས་བསྡམས།།
བརྩེ་བས་བཏེགས་པའི་སེམས་ཀྱི་གཤོག་སྒྲོ་རྒྱང་རིང་ཡུལ་ལ་འཕུར་ནས་ཐལ།།
མི་རྐྱང་ཁྱེད་རང་སྐྱོ་བ་དབེན་ཚེ་ང་རང་བཞུད་པར་རྒྱང་མིག་ཅེར།།
བརྩེ་གདུང་ཚོར་བའི་འདུ་ཤེས་ཁྲོད་ནས་ཤི་གསོན་སེམས་པ་དབྱེ་མཚམས་མེད།།
ཁྱེད་རང་ཐོབ་པའི་འདོད་པའི་སེམས་ལ་རྒྱལ་ཁའི་རེ་བ་ཤིན་ཏུ་ཕྲ།།
སྐྱོ་བའི་ཉམས་འགྱུར་བཟོད་བསྲན་བྱས་ཏེ་འཛུམ་མདངས་ཞིག་གི་ཚོར་མི་ཐུབ།།
གལ་སྲིད་ཁྱེད་ལ་སྙིང་སྟོབས་ལྡན་ཚེ་སེམས་ནད་མ་འཇོག་ཕྱི་མིག་བལྟས།།
མ་འོངས་དུས་ཀྱི་མྱི་ཁ་མ་བལྟ་བདེ་སྐྱིད་གྲོང་ལ་སྟོབས་ཀྱིས་བསྐྱོད།།
ཁེར་རྐྱང་འཚོ་བའི་སུན་སྣང་གྲོལ་ཏེ་མི་འགྱུར་དམ་བཅའ་ང་ཡི་འཇོག།
མཚན་དང་སྙན་གྲགས་ང་ལ་མི་མཁོ་ལྷིང་འཇགས་འཚོ་བས་ཡིད་སེམས་ཁེངས།།
གསུང་སྙན་སྒྲོགས་ཏེ་མི་ཚེ་འགྲིམས་ཚེ་བུ་མོ་ང་རང་དེ་ལ་སྤྲོ།།
ཉལ་ས་ཁྲོད་ཀྱི་གསང་བའི་དམུ་ཐག་འཁོར་བའི་གླིང་ནས་ཁྱེད་ཀྱིས་བསྒུལ།།
དཀའ་སྡུག་རྔུལ་ཆུའི་འཚོ་བ་ཡོད་རུང་བདེ་སྐྱིད་དགོད་སྒྲས་བསུ་མ་བྱེད།།
རང་གི་སེམས་པ་ཧམ་སེམས་ཆེ་བས་སྡུག་གི་སྐྱོ་གླུ་ངག་ནས་ཤོར།།
རང་གི་རང་གཤིས་ངར་མའི་ཚོར་བས་་སྡུག་གི་མནར་གཅོད་རང་གིས་མྱངས།།
རང་གི་གསང་བའི་བརྡ་ཐོ་འཁྱེར་ནས་རེ་བས་དཀའ་སྤྱད་ཕྲག་ཏུ་བཞེས།།
རང་གི་རང་ལ་དབང་བའི་འཚོ་བ་ཐབས་བརྩོན་བྱེད་པར་མཚམས་མི་འཇོག།
ཁྱེད་ལ་དུང་བའི་ལན་ཆགས་འཚོ་བ་མིག་ཆུ་ཁྲོད་ནས་ཡང་ཡང་འཐུང་་།།
ཁེར་རྐྱང་ལོ་རྒྱུས་ངོ་བོ་ཤིག་གིས་བརྩེ་དུང་ཕམ་ཁའི་བག་ཆགས་གླེང་།།
འགྲོ་རོགས་མེད་པའི་སུན་སྣང་འཚོ་བས་ཁྱེད་ལ་དུང་བའི་ཚིག་གསུམ་ཤོར།།
ཤོར་བའི་ཚིག་ལ་འགྱུར་བ་མེད་པའི་བདེན་དཔང་གཏམ་ཞིག་བྲིས་པ་ཡིན།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།