རྨི་ལམ་རིང་མོའི་འབབ་ཐག

རྨི་ལམ་རིང་བོའི་འབབ་ཐག་ཁྲོད་ནས་སེམས་ཀྱི་ཁུང་བུར་འཛུལ་བའི་ཚེ།།
མི་འདོད་འཁོར་བར་ངང་ངམ་ཤིག་གིས་བརྩེ་མདངས་མུ་ཏིག་ཤར་ཕྲེང་སྒྲིག།
གང་དེ་འཚོ་བའི་གཏམ་རྒྱུད་བརྗོད་སའི་རེ་བཞག་ཕྲ་མོ་ཡལ་ལ་ཁད།།
ས་སྒང་འདི་ལ་མི་འདོད་བསམ་པའི་ལས་དབང་འཐོར་བའི་སྦྲང་ཆུང་ཞིག།
སེམས་ཀྱི་མེ་ཏོག་རང་མདངས་འཕྲོས་སྟེ་གཡུ་སྦྲང་གཤོག་འགྱུར་འགུགས་པར་སྤྲོ།།
མཛེས་སྡུག་མུ་ཏིག་དོ་ཤལ་བརྒྱུད་པ་ཉི་ཟླའི་འོད་ཀྱིས་འཚེར་བའི་ཚེ།།
འགུལ་མེད་སེམས་ཀྱིས་རང་ཚུགས་བོར་ཞིང་མཚར་སྡུག་དེ་ལ་ལེན་པར་བསྐྱོད།།
སྐྱིད་པའི་སེམས་ཀྱི་རང་གཤིས་མངོན་པ་འཕུར་ལྡིང་སྒྲ་ལས་འུར་འུར་སྒྲོགས།།

འོད་ཀྱི་མཚར་སྡུག་གོ་ལར་འཕྲོས་དུས་སེམས་ཀྱི་སྟེང་རུ་ཚ་ལམ་ལམ།།
རྣམ་པར་བཀྲ་བའི་བཅུད་ལྡན་ཟེའུ་འབྲུ་ལྷུང་ལྷུང་ཁྱེད་ཀྱི་སྣ་ལམ་ཟུག།
གང་དེའི་སེམས་ཀྱི་འགྱུར་མེད་སྦྲེལ་ཐག་སྡེ་ཆེན་ཐང་ནས་ཡང་ཡང་ལྷག།།
མུན་ནག་མཚན་གྱི་ཅོང་རྡ་གྲགས་པར་སྐྱོ་བའི་མིག་ལས་མཐོང་བར་སྐྲག།

བརྩེ་བའི་ཕྱག་རྒྱ་ཡུན་རིང་མ་བཀྲོལ་གཏམ་རྒྱུད་ཞིག་གི་ལྷག་མ་ཡིན།།
སྟོན་གྱི་བ་མོས་མཚར་སྡུག་འཕྲོག་པ་ལས་དབང་འདི་དང་ཆོས་ཉིད་གོ།
ཁ་བ་བུ་ཡུག་གྲང་ལ་བརྒྱུད་དུས་སྨྲེ་ངག་དབང་བོ་ཆད་ལ་ཉེ།།
མི་འབྲེལ་སེམས་ཀྱི་དམ་ཚིག་སྙིང་སྟོབས་ཉི་མའི་ཟོལ་གྱིས་ཀུན་ལ་ཁྱབ།།

རྟག་བརྟན་བརྩེ་བའི་སྒུག་འདོད་རེ་སྨོན་རིང་དུ་བསྐྱངས་པའི་སེམས་འདུན་གྱིས།།
དྲན་པའི་སེམས་ཀྱི་གྲང་འཁྱགས་ཁྲོད་ནས་དྲོད་འཇམ་གསེར་གྱི་འོད་ལ་སྒུག།
མཛེས་སྡུག་མེ་ཏོག་འོད་མདངས་སྒོམ་པའི་སེམས་ཀྱི་རྨི་ལམ་ཡང་ཡང་རྨིས།།
དབུགས་ཐག་མ་ཆད་དྲན་པའི་ངོས་ལ་དོར་བའི་གཏམ་ཞིག་རྙེད་པར་དཀའ།།

ཐུགས་བསྐྱེད་རྨུ་ཐག་བྱམས་བརྩེའི་མདངས་ལས་སྣ་ཚོགས་མེ་ཏོག་ལྷམ་མེར་བཞད།།
ཚེ་སྲོག་དམར་བོའི་དགྱེས་འཛུམ་དུང་ཟླ་དྲན་གདུང་འཁོར་ལས་གཅེར་བུ་ལས།།
ཡིད་ཆེས་བཏེགས་པའི་སེམས་ཀྱི་རི་མོ་གྲང་འཁྱགས་ནམ་ཟླའི་ཤི་ལ་ཁད།།
ནུས་མེད་སེམས་ལ་རྒོལ་རྡུང་དྲགས་པོའི་འདོད་འདུན་མ་འགྲུབ་སྐྱོ་ཤིག་ཤིག།

གང་དེའི་ལམ་སྟོན་རྒྱུས་མེད་གྲོང་ནས་སེམས་ཀྱི་ངོགས་སུ་བཞུར་བའི་ཚེ།།
ས་ལ་རྒྱུ་བའི་ཉི་གཞོན་གསར་བར་འོད་མདངས་སྟོང་གི་ནུས་ཤུགས་འཁྱིལ།།
དྲི་ལྡན་མེ་ཏོག་ཤུགས་ཀྱི་མཚར་བའི་སེམས་ཀྱི་གསོན་རྩ་སླར་ཡང་རྒྱས།།
སྐོམ་པའི་དུངས་པ་མིག་ལས་སད་ཏེ་ཟས་བཅུད་སྦྲང་རྩིའི་དཔལ་ལ་རོལ།།

ཁྱེད་ཀྱི་དྭངས་གཙང་གསང་འཕྲིན་དམར་པོ་དབྱར་གྱི་དུང་ཟླས་བསུ་བར་བྱེད།།
དྲན་ཤིང་མོད་པོའི་གཏམ་གླེང་སྙན་མོ་གཤོག་འགྱུར་རྩལ་གྱིས་མངོན་འོང་བའི།།
འཆི་མེད་སེམས་ཀྱི་གསོན་གླེགས་རྒྱས་པ་ཇི་སྲིད་ང་ཡི་སྙིང་ལ་བརྐོས།།
སྙིང་གཏམ་བདུད་རྩི་ཧུབ་གང་འབྱིན་བཞིན་དོགས་པ་འབུམ་གྱིས་གསང་བ་གྲོལ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།