གངས་ལ་འཐིམས་པའི་དཔའ་བོ།

  • སྤོབས་པ་དང་ལ་རྒྱ་ཡི་གཟི་བྱིན་སྤྲས་ཏེ
    རིགས་ལ་ཞེན་པའི་འདུན་པས་གངས་ལ་འཐིམས
    ལྷག་བསམ་དང་དུངས་ཞེན་གྱི་སེམས་ཁོང་ན
    བླ་མེད་ཀྱི་སྙིང་སྟོབས་བསྒྲེངས་ཏེ དཔའ་བོ་ལགས རིན་བྲལ་གྱི་ཚེ་སྲོག་བསྲེགས་བཞིན
    "བོད་ལ་རང་བཙན་དགོས། རྒྱལ་བོ་མཆོག་བོད་ལ་འདྲེན་དགོས།"ཞེས་སྒྲོགས་པའི་འབོད་ཚིག་ལས་
    རང་ལ་དབང་བའི་དག་ཞིང་གི་སྨོན་འདུན་ཡོད་ཚད
    དུས་གཏན་གྱི་མི་རབས་འདི་བཀོད
  • དཔའ་བོ་ལགས

སེམས་ཁོང་གི་རེ་སྙེག་ཁྲོད་ནས
བཟོད་དཀའ་བའི་མྱ་ངན་དང་འོ་དོད་ཡུལ་མི་ཚོར་འབྱིན
ཞུམ་པ་མེད་པའི་སྙིང་སྟོབས་དང་འཇིགས་པ་མེད་པའི་དཔའ་ངར་ཁྲོད
ཁྱེད་ཀྱི་གཞུང་དྲང་གི་གཤིས་རྒྱུད་ལས་བདེན་དོན་འཚོལ་ཆེད
འཛུམ་མདངས་དང་སྤྲོ་སེམས་ཁྲོད་རང་ཉིད་ཀྱི་ཚེ་སྲོག་མ་ཡུམ་གངས་ལྗོངས་ལ་ཕུལ

  • དཔའ་བོ་ལགས

མིག་གི་མཐོང་ལམ་ནས་བཞུད་སོང་བའི་ཁྱེད
སྤུན་ཟླ་ཚོའི་སེམས་ཁོང་གི་ན་ཟུག་ཡིན་ལ
མ་འོངས་གངས་ལྗོངས་ཀྱི་བདེ་སྐྱིད་དང་བདེན་དོན་འཚོལ་བྱེད་ཀྱི་དཔང་རྟགས་ཞིག་ཀྱང་ཡིན
མུན་ནག་གི་འཚོ་བ་འདིའི་ཟབ་ས་ནས
དཀའ་སྡུག་དང་ཞེ་སྣང་གི་འཚོ་བཞིན་པའི་རང་མི་ཚོས
ཉིན་མཚན་ཀུན་ཏུ་སྡུག་བསྔལ་ཀྱི་ཡོལ་རས་སང་ཆེད
བཙོན་རྭ་ནས་བཙོན་རྭར་འགྲིམས་ཏེ
རྒྱལ་ཁམས་ནས་རྒྱལ་ཁམས་བརྒྱུད་ཏེ
རང་ཉིད་ཀྱི་ཚེ་སྲོག་ཕུལ་བཞིན་ཐབས་ལམ་རེ་རེ་འཚོལ

  • དཔའ་བོ་ལགས

ཁྱེད་རང་བཞུད་པའི་ཉིན་མོ་ནས་བཟུང་
སེམས་འཁྲེང་བའི་ཨ་མའི་སྐྲ་ལོ་དཀར་པོ་གྱུར་ཏེ
ཞེ་སྨྲེང་བའི་ཨ་ཕའི་སེམས་པ་སྒུལ་སོང་
ཁྱེད་ཀྱི་དྭངས་གཙང་སླད་མེད་ཀྱི་གཟི་བརྗིད་དེ
གངས་ཕྲུག་ཚོའི་བརྩེ་བའི་བྲང་གཞུང་དུ་བཀོད་ཡོད་ལ
ཁྱེད་ཀྱི་སྨྲས་བའི་སེམས་གཏམ་མངར་མོ་དེ
ང་ཚོའི་མིག་ཆུ་དང་ལྷན་དུ་ལག་ཁུག་ལ་འཐིམས
ཉིས་སྟོང་བརྒྱད་ལོ་ནས་ད་བར་དཔའ་བོ་ཚོའི་རྣམ་ཤེས་གྲངས་མེད་རྫོགས་པས
མགོ་ཐོག་ན་གནམ་དང་དེ་ན་ལྷ་ཞིག་ཡོད་ཚེ
ངུ་སྐད་དང་ཁྲག་ཐིགས་རེ་རེ་ཡིས་འཇོམས་པར་བསམ

  • དཔའ་བོ་ལགས

ང་ཚོས་སྐྱབས་རེ་ས་ཡང་སྙིང་སུ་ཞིག་ཡིན
སྐྱོ་གླུ་མང་པོས་རི་ལུང་གཉིད་ལས་དཀྲོགས་ཤིང
རྨ་ཁ་རེ་རེའི་འཇིག་རྟེན་བདེ་ཐབས་བྲལ
འཚོ་བ་འདིའི་གྲུ་ཁ་ནས་ཁྱེད་ཚོ་རེ་རེ་བཞིན་བཞུད་ཚར་བས
ང་ཚོའི་དྲན་ཤིང་གི་མེ་ཏོག་རེ་རེ་མ་ཎི་ཡིག་དྲུག་དང་གཏོར་མགོ་བརྩམས
ཁྱེད་ཚོ་བཞུད་ཚར་ཡང་
ཞེ་སྡུག་པའི་མིག་ཆུ་ཆད་ཐབས་བྲལ
ཁྱེད་རང་གཟིམ་ཚར་ཡང་
ནམ་རིང་བའི་རྨི་ལམ་འཇགས་ཐབས་བྲལ

  • དཔའ་བོ་ལགས
    ཁྱེད་ནི་དུས་གཏན་གྱི་དྲན་ཤིང་ཡིན་ལ

ནམ་རྒྱུན་གྱི་སྨྲེང་སློང་དང་ན་ཟུག་ཡིན་པས
ཁྱེད་བཞུར་བའི་དུས་དེ་ནས་ང་ཚོའི་ཚོར་འདུ་གཤར་ནས་བུད་སོང་
ཁྱེད་བཞུར་བའི་དུས་དེ་ནས་ང་ཚོའི་ལག་ཟུང་བྲང་ལ་རྡུང་བཞིན་སེམས་ཀྱི་རེ་སྙེག་ཐོལ་གྱིས་བཀག
ཉིན་མོ་དེར
སྐུད་མེད་ཁ་པར་གྱི་སུད་སྒྲ་ལ་འཇགས་ཐབས་བྲལ་ཡང་
ཨ་ནེ་རྒན་མོའི་བེམ་པོ་ཐང་ལ་འགྱེལ
མ་ཎི་འཁོར་ལོ་དང་དཀོན་མཆོག་ལ་གསོལ་འདེབས
སྐྱེ་བོ་ཚོའི་སེམས་ཁམས་ན་འདོན་བཞིན་སྐོར་ལམ་འདི་འཚང་ཁ་ཤིག་ཤིག་ཟང་ཟིང་དུ་ཆག

  • དཔའ་བོ་ལགས
    དགུང་ཞག་ཞེ་དགུ་མ་ལོན་པའི་ནང་ཚུལ་དུ་གསེར་མདོག་གི་མར་མོ་འདིས
    མུན་ནག་གི་ཟབ་ས་ནས

ཁྱེད་ཀྱི་རྣམ་ཤེས་དྲོན་མོར་བདེ་སྣང་བསྩལ
ཁྱེད་རང་བཞུད་པའི་ཉིན་དེས
མདུང་མོ་བཞིན་སྙིང་ཁར་ཟུགས་པའི་རྨ་ཁ་ཞིག
ཁྱེད་རང་བཞུད་པའི་ཉིན་མོ་དེ
རེ་སྨོན་དང་ཕུགས་བསམ་ཀྱི་སྐྱེད་ཚལ་སྐམ་པའི་དུས་ཤིག
ཁྱེད་རང་དེ་ལྟར་ཕྱི་མའི་རྐང་ལམ་བརྒྱུད་དུས
ངའི་སེམས་པ་གངས་དཀར་གྱི་འདབ་མ་ལས་འཁྱག་ལ
དབྱར་གསུམ་གྱི་ཉི་འོད་ལས་ཚ
དུས་དེ་ནས་བཟུང་
ང་ཚོས་ལས་དབང་ཞིག་གི་ཐུ་འོག་ནས
ལྷན་འཛོམས་ལ་རེ་ཤིང
ང་ཚོས་བག་ཆགས་ཞིག་གི་ཁ་ཕྱོགས་ནས་དྲང་བདེན་འཚོལ
དེ་བས
སྡུག་བསྔལ་གྱི་བཙོན་རྭ་འདི་གཏོར་ཆེད
ཁྱེད་ཡང་བསྐྱར་གངས་ལྗོངས་འདིའི་དཔའ་བོ་ཞིག་ཏུ་འཁྲུངས་བར་སྨོན།།། ༼༢༠༡༡ལོའི་ཟླ་༨པའི་ཚེས་༢༧་ཉིན་དྲ་ཐོག་ནས་རང་སྲོག་ཤོར་བའི་དཔའ་བོ་དག་འདྲ་པར་ཞིག་ལ་བལྟས་རྗེས་ཤོར་བའི་སྐྱོ་གླུ་ཤིག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: