སློབ་དཔོན་ཕྱོགས་གླང་ཟེར་ན་སུ་རེད།

--- སློབ་དཔོན་ཕྱོགས་གླང་ཟེར་ན་སུ་རེད། དེ་ཡང་དུས་རེ་ཞིག་ཚེ་ན་འཕགས་པའི་ཡུལ་འདིར་རྒྱལ་བའི་བསྟན་པ་ལ་ཕྱིན་ཅི་ལོག་གི་ལྟ་བ་ངན་པས་བརྒྱུད་ནས་བསླད་པའི་མུ་སྟེགས་པའི་གཞུང་ལུགས་འཛིན་པ་མང་པོ་ཞིག་བྱུང་སྟེ་དེ་དག་གིས་ནང་པའི་བསྟན་པ་སྤྱི་དང་། ལྷག་པར་ཐེག་པ་ཆེན་པོའི་བསྟན་པ་འཛིན་པ་དག་ལ་འགྲན་པའི་དོ་ཟླ་ཆེར་གྱུར་ནས་བསྟན་པ་ཉམས་སུ་གཞུག་པའི་སྐབས་ཤིག་ན།

སྔར་གྱི་ཐུགས་བསྐྱེད་དང་སྐྱེ་རྒུའི་བསོད་ནམས་ཀྱི་འཐུ་ལས་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོ་ཞེས་བྱ་འདི་ཉིད་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་སེངྒེ་བཀྟ་ཞེས་པར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་པར་ཡིན་ནོ།  འདི་ཡང་གཞོན་ནུའི་དུས་སུ་བྲམ་ཟེའི་རིག་བྱེད་ལ་སོགས་པའི་ཐུན་མོང་གི་རིག་གནས་མཐའ་དག་ལ་མཁས་པའི་ཕུལ་དུ་ཕྱིན་པ་བྱུང་།  འདི་ཡི་མིང་འདི་ལྟར་འདོགས་དགོས་དོན་ཡང་གནས་མ་བུ་པའི་གྲུབ་མཐའ་འཛིན་པའི་མཁན་པོ་གླང་པོ་བྱིན་ཞེས་བྱ་བ་ལས་རབ་ཏུ་བྱུང་སྟེ་མཚན་ལ་ཕྱོགས་ཀྱི་གླང་པོ་ཞེས་གསོལ།མཁན་པོ་ཉིད་ལ་གདམས་ངག་ཞུས་པས་ངེས་བརྗོད་དུ་མེད་པའི་བདག་འཚོལ་བའི་གདམས་པ་བྱིན་པ་ན་དེ་དངོས་པོ་ལ་མེད་པར་གཟིགས་ནས་དོན་གྱིས་དེ་འགོག་པའི་རིགས་པ་དུ་མ་བསྟན་པས་ཁོ་བོའི་གྲུབ་མཐའ་ལ་ཟུར་ཟ་བ་ཁྱོད་འདིར་མ་སྡོད་ཅེས་མཁན་པོས་བསྐྲད།

དེ་ནས་སློབ་དཔོན་ཆེན་མོ་དབྱིག་གཉེན་གྱི་དྲུང་དུ་བྱོན་ནས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་གསན། ཐེག་ཆེན་གྱི་སྡེ་སྣོད་ལྔ་བརྒྱ་ཙམ་ཁ་ཏོན་དུ་མཛད་དོ། སྔགས་ཀྱི་སློབ་དཔོན་ཞིག་ལས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་དབང་དང་སྒྲུབ་ཐབས་མ་ལུས་པ་གསན་ཏེ་ཚུལ་བཞིན་དུ་སྒྲུབ་པ་ལྷུར་བླངས་པ་ལས་རྗེ་བཙུན་གྱིས་ནམ་འདོད་དུ་ཞལ་གཟིགས་ཤིང་གསུང་གི་དབུགས་དབྱུང་སྩལ་། དེའི་ཚེ་ཡུལ་ཨོ་ཊི་བི་ཤའི་ནགས་ཚལ་དབེན་པའི་གནས་སུ་སྒྲུབ་པ་ལ་རྩེད་གཅིག་ཏུ་གཞོལ་ཏེ་ལོ་ངོ་འགའ་ཞིག་འདས་པ་ན།  དཔལ་ན་ལེནྡྲར་དབང་ཕྱུགས་ཆེན་པོས་འབྲལ་མེད་དུ་རྗེས་སུ་འཛིན་པ་ཏོ་གེ་བ་ལ་ཤིན་ཏུ་བྱུང་པའི་མུ་སྟེགས་པ་དག་གིས་རྩོད་པའི་སྦྱོར་བ་གཤམས་པ་ན། དེར་གནས་པའི་ནང་བ་རྣམས་ཀྱིས་རྩོད་མ་ནུས་ནས་ཤར་ཕྱོགས་ནས་སློབ་དཔོན་འདི་ཉིད་སྤྱན་དྲངས་ཏེ་མུ་སྟེགས་པ་རྣམས་ལན་གསུམ་ཕམ་པར་མཛད་པས་དེ་ཐམས་ཅད་ནང་པའི་བསྟན་པ་ལ་བཀོད།

སློབ་དཔོན་འདིའི་གསུངས་རབ་སྤྱིའི་དགོངས་འགྲེལ་དང་ཁྱད་པར་དམིགས་པ་བརྟག་པ་ལ་སོགས་པ་ཚད་མའི་བསྟན་བཅོས་བརྒྱ་རྩ་མཛད་།  སླར་ཡང་ཨོ་ཊི་བི་ཤའི་ཡུལ་དུ་སྔར་ལྟར་སྒྲུབ་པ་མཛད་པའི་ཚེ་རང་ཉིད་ཀྱིས་སྔར་བརྩམས་ཟིན་པའི་རིགས་སྒོ་དང་།  རླུང་གི་རབ་དབྱེ་ལ་སོགས་པའི་ཚད་མའི་བསྟན་བཅོས་རྣམས་འཐོར་བུ་བ་གཟིགས་ནས་དེ་དག་གི་གནད་བསྡུས་པའི་ཚད་མ་ཀུན་ལས་བཏུས་པ་རྩོམ་པར་བཞེད་ནས་ཚད་མར་གྱུར་པ་ཞེས་སོགས་ཀྱི་གཞུང་དེ་ཉིད་བྲག་ཕུག་གི་ངོས་སུ་རྡོ་རྒྱུས་ཀྱིས་བྲིས་པ་ཙམ་ནས་གླིང་འདིར་འོད་ཀྱི་སྣང་བས་ཁེངས་སོང་ཡོད་ཟེར།

མ་ཟད་ས་ཆེན་གཡོས་ཤིང་སྒྲ་ཡང་ཆེན་པོ་ཞིག་བྱུང་བ་གྱུར་། དེའི་ཚེ་མུ་སྟེགས་ཐུབ་རྒྱལ་ནག་པོས་འདི་གང་གི་བལྟས་ཡིན་སྙམ་དུ་བརྟག་པ་ན་སློབ་དཔོན་གྱི་གཞུང་རྩོམ་པའི་འཐུ་ཡིན་པ་ཤེས་ནས་སློབ་དཔོན་བསོད་སྙོམས་གཤེགས་ཤུལ་དུ་རྫུ་འཕྲུལ་གྱིས་འོངས་ནས་མཆོད་བརྗོད་ཀྱི་གཞུང་དེ་བསུབས་ནས་བཞག་པ་ལན་གསུམ་བྱུང་བས་མཐའ་སློབ་དཔོན་གྱིས་འདི་ལ་དགོས་པ་ཆེན་པོ་ཡོད་པས་ཞོག་ཅིག། རྩོད་པར་འདོད་ན་གཟུགས་སྟོན་དང་།  རྩོད་པར་བགྱི་འོ། ཞེས་བྲིས་པས་བསོད་སྙོམས་ལས་ཕྱིར་འཁོར་མཚམས་སུ་ཁོའི་གཟུགས་དངོས་སུ་སྟོན་ཏེ་ཡོད་པ་ལ་རྩོད་པས་ལན་གསུམ་ཕམ་པར་བྱས།

དེ་ནས་ད་རྫུ་འཕྲུལ་འགྲན་ཟེར་ནས་དེའི་ཁ་ནས་མེ་སྤར་ཏེ་སློབ་དཔོན་གྱི་ཆོས་གོས་དང་ཡོ་བྱད་བསྲེགས་པས་སློབ་དཔོན་ཉིད་སེམས་ཅན་གྱི་སྤྱོད་པ་མ་རུང་འདི་འདྲའོ་སྙམ་དུ་ཐུགས་ཤིན་ཏུ་སྐྱོ་ནས་ཐོད་ཀོར་ནམ་མཁར་འཕངས་པས་དེ་ནམ་ས་ལ་ལྷུང་བའི་ཚེ་བྱང་ཆུབ་སེམས་ཀྱི་གཏོང་བར་དགོངས་པ་ན་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཐོད་ལེ་ཀོར་བསྣམས་ནས་ཁྱོད་ཀྱི་བསྟན་བཅོས་འདི་ལ་མུ་སྟེགས་པ་རྣམས་ཀྱིས་གནོད་པ་མི་ནུས་ཤིང་དུས་ཕྱིས་སུ་འགྲོ་བ་ཀུན་གྱི་མིག་གཅིག་ཏུ་འགྱུར་བ་དང་།  ངས་ཀྱང་སངས་རྒྱས་མ་ཐོབ་ཀྱི་བར་དུ་རྗེས་སུ་འཛིན་ནོ།  ཞེས་དངོས་སུ་ཞལ་མཇལ་ནས་ལུང་བསྟན་ཅིང་རྩོམ་པའི་བསྐུལ་མ་མཛད་ཡོད་པར་གྲགས།

དེར་བརྟེན་ནས་སློབ་དཔོན་ཆེན་མོ་འདི་ཉིད་ཀྱང་སེམས་ཤུགས་འཕར་མ་ཞིག་འཕེལ་བར་གྱུར་ནས་ལེའུ་དྲུག་གི་བདག་ཉིད་ཅན་གྱི་ཚད་མ་ཀུན་ལས་བཏུས་པ་ཆ་ཚང་བ་ཞིག་རྩོམ་པར་མཛད་ནས་དེང་སང་གི་འུ་ཅག་ཚད་མ་རིག་པའི་གཞུང་ལུགས་ལ་མཆད་ཉན་བྱེད་མཁན་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དུ་མཆིས་སོ་ཞེས་པའི་གདམས་ངག་དྲོན་མོ་འདི་ནི་སྔོན་མར་རང་ཉིད་ཀྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་ཞལ་ནས་ཐོས་མྱོང་ཅན་ཞིག་ཟིན་བྲིས་སུ་བཏབ་པའོ།།  །།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༩༢༠༡༧༢༣༥༧
བྱང་ཆུབ་རབ་འབྱོར།
མཁྱེན་ལྡན་དེ་རྣམ་གྱི་འཁྲུངས་ལོ་དང་འདས་ལོ་སོགས་གསལ་ཁ་ཡོད་ན་ལེགས། སློབ་མ་རྣམ་ལ་ཕན་པ་ཤིན་ཏུ་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།