ལས་བྱེད་ཉིན་མོ།

འདི་ལྟར་གཤམ་འོག་གི་རྩོམ་ཐུང་འདི་ནི་༢༠༠༨ལོའི་ལས་བྱེད་ཉིན་མོ་སྲུང་བརྩི་དང་འབྲེལ་བྲིས་པ་ཞིག་ལགས་་་། ལས་བྱེད་ཉིན་མོ། སློབ་བུ་བྱམས་པ་དོན་འགྲུབ།  <སེ་ལ་ཀུའི་བོད་ཁྱིམ་འཛིན་གྲྭ་དགུ་བ> དུས་བཞིའི་འགྱུར་ཚིག་དང་དུས་རབས་ཀྱི་གོ་རིམ་ཁྲོད། དེ་རིང་སླར་ཡང་འཛུམ་གྱི་བསུས་པའི་ཉིན་མོ་འདི་བསོད་ནམས་མིག་གི་གོ་སྐལ་དུ་ཞོགས་ པའི་མཚམས་སྤྲིན་དང་ལྷན་དུ་གཟི་མདངས་མངོན།
འདི་ནི་མི་རིགས་ཤིག་གི་སྒྱུ་རྩལ་དང་སྙིང་སྟོབས་སུ་མངོན་དུས།རྒྱལ་གཅེས་ལྷག་བསམ་ཅན་རྣམ་པའི་བརྒྱུད་རིམ་ལ་ཡིད་ སྨོན་གྲངས་མེད་ཞུ་བ་དང། གངས་རིའི་ཤ་ཁྲག་འབྲེལ་བའི་སྤུན་ཟླ་ཚོས། འབྱུང་འགྱུར་གྱི་བསམ་གཞིག་ཀློང་ནས། གསོན་ཉམས་ལྡན་པའི་ཉིན་མོར་ཁྱེད་རྣམས་ལ་མཚམས་འདྲི་ཞུ།

དགེ་བའི་བཤེས་གཉེན་རྣམས་པ། འཁོར་བ་ཆུ་དང་འདམ་གྱི་རྙོག་པ་འདྲེས་པ་མཐོ་དམན་ཀུན་གྱི་འཇུག་སྒོ་སྟེ། ཉོན་མོངས་རྨོངས་པའི་དབང་ཤུགས་ཀྱིས་བསྐུལ་བ་སྐྱེ་འགྲོའི་ལས། དམ་པ་རྣམས་ནི་བྱ་ལྟར་འཕུར་ཞིང་དམ་པའི་གཟུགས་བརྙན་འཛིན་པ་ཚོས། བདག་ཅག་འདམ་ལ་ལྷུང་བའི་སྲོག་ཆགས་རྣམས་སྒྲོལ་བར་མཛད་པའི་རྒྱུད་སྐུད་བཙལ།

རྒྱལ་ཁའི་དམངས་གཞི།
དུས་རབས་ཀྱི་དཀྱོགས་མཚམས་ཤིག་ནས་གངས་རིའི་ལས་དབང་ལ་ཆག་གྲུམ་ཤོར། རྒྱ་དམར་གྱིས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཏེ་བོད་ཀྱི་བདེན་པ་རྒྱབ་ཏུ་བསྐྱུར། ནམ་ཡང་མེས་པོའི་ཚེ་སྲོག་དོར་བའི་ཕམ་ཁ་འདིར། ང་ཚོས་རྒྱལ་སྤྱིའི་གདེངས་ཆའི་ཐོག་ར་སྤྲོད་བྱ་འོས་པ་ཞིག སློབ་གླིང་འདིར་གསར་སྐྱེས་ཀྱི་རོལ་དབྱངས་སྣན་མོས། ལོ་རྒྱུས་ཀྱི་ཟིན་ཐོ་འགོད་པའི་བདེན་པ་བརྡར་ཏེ་ཞི་བདེའི་སྨྱུག་ཁ་ཡི་དམག་གྲ་སྒྲིག།

ཐོལ་བྱུང།
གངས་རིའི་སུལ་ནས་ཞུར་ཞིང། སྒྱུ་རྩལ་གྱི་བླ་གནས་སུ་ཞབས་རྗེས་ཀྱི་མེ་ཏོག་བཙུགས་པས། ཁོང་གསེང་གི་མི་རིགས་ལར་ཞེན་སྙིང་ཁར་རུམ་སྟེ་རྒྱལ་ཁའི་ཐ་སྙད་ལ་ཞབས་འདེགས་སྒྲུབ་པ། དུས་རབས་ཀྱི་བསྣོལ་མཚམས་ནས་གཟེངས་སུ་བཀུར་བའི་ཕོ་རྒོད་ངོ་མ་ཞིག།

དྲི་བ།
ལྷིང་འཇགས་མཚན་མོའི་ཀློང་ན་ཁེར་རྐྱང་དུ།
བོད་དོན་ཁོ་ན་ཡང་ཡང་བསྐྱར་གླེང་བྱེད།
ཉིན་མཚན་ལྟོས་མེད་རང་དོན་རྒྱབ་ཏུ་གཡུག
སུ་ཡི་ཆེད་དུ་འདི་ལྟར་དཀའ་སྤྱད་མཛད།

སྙན་ངག་པའི་སྨོན་ཚིག
བསླུ་མེད་ཞེ་མདངས་དཀར་པོ་ཡུག་གཅིག་གིས།
ཁྱེད་དང་ང་ཚོའི་དམ་ཚིག་སྦྲེལ་བར་ཤོག།
དེ་བཞིན་ལྷག་བསམ་དྭངས་མ་འཁྱིལ་བ་ཡི།
འཛུམ་མདངས་འོད་ཀྱིས་རང་དབང་བསྐྱར་བསྐྲུན་གསོལ།

འཇུག་གཏམ།
ཁྱེད་རྣམས་ནི།  ཕོ་རྒོད་སུ་ཞིག་གི་མཆེ་བར་ནས་ཤོར་བ་བཞིན།
ཁ་ཆར་བུ་ཡུག་འཚུབ་པའི་ཟང་ཟིང་གི་དུས་སྐབས་འདིར།
དྲང་བདེན་དང། བྱམས་བརྩེ་དབེན་པའི་འཕྲང་ལམ་བློ་སྤོབས་ཀྱིས་འགམས།
དྭངས་གཙང་ཁོག་ནས་ཆུ་འཛིན་གྱི་བདུད་རྩི་འབྱིན།
གསེར་ཟམ་སྙིང་སྟོབས་ཀྱི་ལང་ཚོའི་ཁྲོད་ནས་མི་རིགས་ཀྱི་དཔལ་ཡོན་སྦར།
ཁྱེད་རྣམས་མཇལ་འཕྲད་བྱུང་བ་ང་ཚོའི་སྔོན་བསགས་ཀྱི་ལས་སྨོན་བཟང།
སོང་ཙ་ན། སྐལ་བཟང་གི་གོ་སྐབས་འདི་བརྒྱུད།
ཕྱོགས་བཞིའི་རེ་སྨོན་གྱི་ཤིས་ཚིག་གྱེས་པའི་དབྱངས་རྟའི་ཁྲོད།
ཕྲན་གྱི་ལྕེ་རྩེ་སྟོང་དུ་འགྱུར་འདོད་དེ།
ཁྱེད་རྣམས་ལ་ཐུགས་རྗེའི་དྲིན་ལན་བསམ་པའི་མངར་ཁའི་ཚུལ་དུ།
བཀྲིས་ཀྱི་ཉིན་མོ་འདིར་དགའ་སྤྲོའི་སྤོབས་སེམས་ཆེན་པོས།
བསྟོད་དབྱངས་ཀྱི་པད་དཀར་ཆུན་པོ་ཁྱེད་ཕྱོགས་སུ་ཕུལ།  །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༡༢༠༡༤༠༩༤༨
རྗེས་སུ་ལས་བྱེད་ཉིན་མོ་དང་འབྲེལ་བའི་རྩོམ་ཡིག་གང་མང་བཀོད་ཐུབ་ན་དགེ་མཚན་ཆེན་པོ་འདུག་བསམས།