རྟོགས་བརྗོད་དད་པའི་རང་མདངས།

དགེ་ལེགས་མཚན་དཔེ་འོད་སྟོང་འབར་བའི་རབ་བརྗིད་སྐུ །།
བརྒྱད་ཁྲི་བཞི་སྟོང་འགལ་མེད་སྙན་འཇེབས་ཚངས་དབྱངས་གསུང༌།།
ཟག་མེད་བདེ་བའི་གཏེར་གྱི་ཐུགས་རྗེ་རབ་ཏུ་མངའ།།
འཇམ་དཔལ་དབྱངས་ཉིད་བདག་བློ་ཀུ་མུ་སྐྱོངས་བ་མཛོད །།

རབ་འབྱམས་རྒྱལ་དང་རྒྱལ་སྲས་ཀུན་གྱི་ཐུགས་རྗེ་དང༌།།
སྲིད་གསུམ་འགྲོ་བའི་བསོད་ནམས་ཆུ་གཏེར་ལས་འཁྲུངས་བའི།།
མ་ལུས་སྐྱབས་གནས་སྤྱན་རས་གཟིགས་དབང་མི་ཡི་མགོན།།
བྱང་ཆུབ་བར་དུ་གཡོ་མེད་དད་པས་ཁྱོད་ལ་བསྟོད།།

བསྟན་འགྲོ་སྤྱིར་དང་ཡང་སྒོས་གངས་རིའི་ཞིང་ཁམས་སུ །།
དགེ་འདུན་གྲུབ་ནས་སྐུ་ཡི་སྐྱེས་རབས་བཅུ་བཞིའི་བར།།
གངས་ཅན་བོད་ལ་ཆོས་སྲིད་བཀའ་དྲིན་མཛད་མཐའ་མེད །།
དེ་ཕྱིར་བོད་མིའི་དད་པའི་འདབ་བརྒྱ་སྙིང་ནས་བཞད །།

མ་རིག་འཁོར་བའི་སྙིགས་མའི་ངང་ཚུལ་འགྲོ་བ་རྣམས །།
གང་གི་གཅིག་པུ་སྒྲོལ་བའི་དམ་བཅའ་ཁུར་བཞེས་པས །།
རྒྱལ་སྲས་ཀུན་གྱི་གང་གི་འདེབས་པའི་སྙིངས་སྟོབས་ལ །།
བསྔགས་པའི་དགེ་མཚན་ས་གཞི་མེ་ཏོག་ཡོངས་སུ་འཐོར །།

ལྷ་མིའི་བསོད་ནམས་ཕུང་པོ་གཅིག་ཏུ་བསྡུས་པ་ཡིས །།
སྐུ་ཡི་ཟླ་གཞོན་མདོ་སྨད་སྟག་འཚེར་སྨན་ལྗོངས་སུ །།
ཤར་བས་གངས་ལྗོངས་དགེ་མཚན་དྲོད་ཀྱིས་རིང་ནས་སྐྱོངས །།
གང་གི་གདུལ་བྱ་སྐལ་ལྡན་གངས་ཅན་པ་ཡི་མགོན །།

ཆོས་སྲིད་དཔལ་ཡོན་དཔྱིད་ཀྱི་ལོ་འདབ་བཞིན་དུ་རྒྱས །།
གངས་ཅན་འགྲོ་རྣམས་སྡུག་གི་ངང་ཚུལ་ལ་གཟིགས་ཏེ །།
སྐུ་ཡི་ན་ཚོད་ལང་ཚོ་དགུང་གྲངས་བཅུ་དྲུག་ནས །།
ཆོས་སྲིད་གཉིས་ཀྱི་བདག་དབང་གསེར་ཁྲི་མངའ་གསོལ་ཞུ །།

རིག་གནས་གསར་བརྗེ་བདུད་ཀྱི་རླུང་དམར་འཚུབ་པའི་དབུས །།
གནམ་ས་འགེངས་པའི་དཔའ་བོ་སྟོང་གི་རྒོད་སྒྲའི་འོག །།
མེས་དཔོན་སྟོང་གི་ཚེ་སྲོག་རྣམ་ཤེས་དགྲ་བོས་བཅོམ །།
ཤི་གསོན་གཉིས་ཀྱི་གཟུགས་མེད་རྣམ་ཤེས་གང་གིས་སྐྱོངས །།

ཕ་ས་དྲོན་མོ་དགྲ་ལག་ཤོར་བའི་དཀའ་སྡུག་ཁྲོད །།
མི་རིགས་འདི་ཡི་བླ་སྲོག་རིག་གནས་ཤེས་བྱ་དང་ །།
གཞིས་ཆཊ་བརྟན་ལྷིང་འཚོ་བའི་མཐུན་རྐྱེན་གོམས་གཤིས་སོཊ །།
མི་ཉམས་སྔར་ལས་གོང་འཕེལ་རྩ་བ་རབ་ཏུ་འཚུག       །།

གང་གི་ཐུགས་བརྩེ་དྭངས་བའི་ཡིད་མཚོ་མཁའ་ནས་མངོན །།
མགོན་མེད་ཉམས་ཆུང་ཡིད་ཀྱི་གདུང་བ་མ་ལུས་བསལ །།
དེ་ཕྱིར་སྐལ་ལྡན་འགྱུར་མེད་དད་པའི་མགྲིན་གཅིག་ཏུ །།
ཞི་བདེ་རྒྱལ་པོ་མཚན་སྙན་བ་དན་དཀར་པོ་གསོལ །།

མཁྱེན་རབ་ཤེས་བྱའི་ལྷ་ལམ་ཡངས་པོའི་མཁའ་དབྱིངས་སུ །།
སྙིང་རྗེའི་མཁྱེན་བརྩེའི་ཆུ་འཛིན་འབུམ་གྱིས་ཀུན་ནས་སྒྲིབ །།
བརྒྱད་ཁྲི་བཞི་སྟོང་གསུང་བཟང་བདུད་བརྩིའི་ཆར་འབེབས་པས །།
ས་སྟེང་དགེ་མཚན་འདབ་བརྒྱ་མ་ལུས་ཡོངས་སུ་བཞད །།

ཞི་ཡི་གནས་ལུགས་འཇིག་རྟེན་ཡུལ་གྱི་གོམས་གཤིས་དང །།
དཀོན་མཆོག་གཅིག་པུ་སྐྱབས་གནས་སྨྲ་བའི་ཆོས་ལུགས་སོཊ  །།
ལྟ་གྲུབ་མི་མཐུན་ཕྱི་ནང་འགལ་རྐྱེན་གྲུབ་མཐའ་ཀུན །།
རྩོད་མེད་དགོངས་དོན་གཅིག་ཏུ་སྒྲུབས་པའི་བདེ་གཤེགས་སྲས  །།

དགྲ་གཉེན་མ་ལུས་བྱམས་བརྩེ་ཐུགས་རྗེ་ཀུན་ལ་མཉམ །།
བོད་རྒྱ་མི་རིགས་རིང་ནས་བརྣག་པའི་རྩོད་རྙོག་རྣམས །།
འཚེ་མེད་ལྟ་གྲུབ་ཡང་དག་ཆོས་ཀྱི་ལམ་བཟང་ནས །།
གཉིས་ཕན་དབུ་མའི་ཐར་ལམ་སྒོ་མོ་ཡངས་པོ་ཕྱེ །།

ཕྱི་ནང་རིག་གནས་ཚན་རྩལ་འདོད་ཡོན་འཕེལ་བ་ལས །།
ཟུར་གནས་བློ་ལྡན་མཁས་བརྒྱ་ཡིད་དབང་འགུག་པའི་དུས །།
ཆོས་ཚན་ཟུང་གི་མ་ལུས་བལྟ་བ་གཅིག་བསྡུས་པས །།
གང་གི་མཛད་འཕྲིན་ས་གསུམ་ཁམས་ན་བ་དན་གཡོ །།

མ་ལུས་ཆོས་སྲིད་འཇིག་རྟེན་མི་ཡི་གོ་གནས་ཆེད །།
དྲག་པོའི་དམག་དང་འབྱོར་ལྡན་སྟོབས་ཀྱིས་རབ་བརྩོན་ཀྱང་ །།
སྔར་མེད་སྲོལ་བཟང་ཆོས་སྲིད་སྐུ་དབང་འབངས་ལ་བསྩོལ །།
མ་ལུས་འགྲོ་རྣམས་གང་གི་ཐུགས་རྗེའི་བུ་བཞིན་སྐྱོངས །།

ཡངས་པའི་ཟླུམ་གཟུགས་གོ་ལ་ཧྲིལ་པོའི་ཁྱོན་ཡོངས་ལ །།
གང་གིས་འདེབས་པའི་འཚེ་མེད་སྙིང་རྗེའི་ས་བོན་གྱིས །།
སྐྱེ་རྒུ་ཡིད་ཀྱི་བདེ་བའི་མྱུ་གུ་དལ་གྱིས་འབུར །།
ས་ཆེན་འདི་ན་དགེ་མཚན་འབྲས་བཟང་གཡུར་དུ་ཟ །།

གང་གི་བཤད་སྒྲུབ་དབྱར་གྱི་མཚོ་བཞིན་སྤེལ་བ་ལས །།
འབྱུང་བའི་ངེས་པ་དོན་གྱི་བསླབ་གསུམ་ནོར་བུ་ཡིས །།
མ་ལུས་འགྲོ་རྣམས་ཡིད་ཀྱི་གདུང་བ་ཀུན་སེལ་སྟེ །།
ཚེ་རབས་ཀུན་ཏུ་ཐུགས་རྗེའི་ཕྱག་གིས་སྐྱོངས་བ་མཛོད །།

ཡང་དག་ལམ་ནས་མ་ལུས་མཛད་རྗེས་ལྷུན་པོ་ལ།།
ཆ་ཤས་ཙམ་ལས་སྐུ་གསུམ་ཡོན་ཏན་དཔོག་དཀའ་ཡང༌།།
གང་གི་བཀའ་དྲིན་འདབ་བརྒྱ་སྙིང་ནས་བཞད་པའི་ཚེ །།
བསྟོད་པའི་ཚིག་གི་འཕྲེང་བ་མེ་ཏོག་ཡོངས་སུ་འཐོར །།

ཅེས་པ་འདི་ནི་མགོན་པོ་གང་གི་གསང་བ་གསུམ་གྱི་མཛད་བཟང་རྣམས་དབྱར་མཚོ་ལྟར་འཕེལ་ཞིང་སྐུ་ཚེ་བསྐལ་བརྒྱར་བསྟན་པའི་སྨོན་ཚིག་དང་བཅས་གངས་རིན་ཆེན་གྱིས།
དགེ་ལེགས་འཕེལ །།
ངའི་སྐད་འཕྲིན་ཁ་བྱང་ rinchen1985

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།