ས་ལམ་སྐོར་གྱི་དཀའ་གནད་ཅིག

ས་ལམ་ལས། འདི་ནི་དགག་པ་གཉིས་ཀྱི་རྣལ་མ་གོ་བའི་ལུགས་སུ་བྱས་པའི་རྩོད་པའོ། །ཞེས་པའི་དོན་ནི། དབུ་མ་པས་གཞི་གྲུབ་ན་བདེན་མེད་ཀྱིས་ཁྱབ་པར་ཁས་བླངས་པ་ལ། སེམས་ཙམ་པ་ན་རེ། བདེན་སྟོང་ཆོས་ཅན། བདེན་པར་མེད་དེ། དམིགས་པ་ཡིན་པའི་ཕྱིར། ཞེས་པ་འདི་ནི་དབུ་མ་པའི་ཁས་ལེན་བསྐྱར་བ་ཡིན་ལ། དེ་ལ་དབུ་མ་པས་འདོད་ལན་བཏབ་པ་ན། སེམས་ཙམ་པས། མྱུ་གུ་བདེན་མེད་ཆོས་ཅན། ཁྱོད་མེད་པར་ཐལ། བདེན་པར་མེད་པའི་ཕྱིར། ཞེས་པའི་ཧ་ཅང་ཐལ་བ་འཕངས་ཏེ།

དེའང་དེའི་ཚུལ་ནི། རྩོད་གཞི་རྟགས་དང་བཅས་པ་དབུ་མ་པས་ཁས་བླངས་ཤིང་། ཁྱབ་པ་སེམས་ཙམ་པ་རང་གི་ཁས་ལེན་ཡིན་པས། སེམས་ཙམ་པ་ལྟར་ན། དབུ་མ་པ་ལ་ལན་དོན་མཐུན་གྱིས་བཟློག་པར་མི་ནུས་པའི་ཐལ་འགྱུར་དུ་སོང་བ་ཡིན་མོད། འོན་ཀྱང་དབུ་མ་པ་རང་ལུགས་ལ་ཁྱབ་པ་མ་ངེས་པ་ཡིན་ནོ། །སེམས་ཙམ་པས། ཁྱོད་རང་འདོད་པ་ལྟར་གྱི་མྱུ་གུ་བདེན་མེད་ཆོས་ཅན། ཁྱོད་བདེན་པར་གྲུབ་པར་ཐལ། ཁྱོད་སྟོང་ཉིད་ཡིན་པའི་ཕྱིར། རྟགས་ཁས། ༼ཁྱབ་པ་སེམས་ཙམ་པའི་གྲུབ་མཐའོ།།༽ ཞེས་པའམ་ཡང་ན། སེམས་ཙམ་པ་ན་རེ། ཁྱོད་རང་འདོད་པ་ལྟར་གྱི་མྱུ་གུ་བདེན་མེད་ཆོས་ཅན། ཁྱོད་མེད་པར་ཐལ། ཁྱོད་བདེན་པར་མེད་པ་གང་ཞིག ཡོངས་གྲུབ་ཡིན་པའི་ཕྱིར། རྟགས་གཉིས་ཀ་ཁས། འདོད་ན། མྱུ་གུ་བདེན་པར་གྲུབ་པར་ཐལ། མྱུ་གུ་བདེན་པར་མེད་པ་མེད་པའི་ཕྱིར། ཞེས་བརྩད་པའོ། །

དེ་ལ་དབུ་མ་པའི་ལན་འདི་ལྟར། འདི་ནི་བདེན་པར་གྲུབ་མ་གྲུབ་རྣམ་བཅད་ཡོངས་གཅོད་ལ་སྦྱར་ནས་བརྩད་ཅིང་། ཡོངས་གྲུབ་བདེན་པར་མེད་ན་མེད་པས་ཁྱབ་པ་གཞིར་བཞག་གིས་དེ་ལྟར་སྨྲས་ཀྱང་། དེ་ནི་དགག་པ་ལ་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་སྒྲུབ་པ་འཕེན་མི་འཕེན་གྱི་ཚུལ་གཉིས་ཡོད་པའི་རྣལ་ཏེ་གནད་མ་གོ་བར་མྱུ་གུ་བདེན་སྟོང་གི་སྟེང་ན་དགག་བྱ་བདེན་གྲུབ་བཀག་པས་སླར་བདེན་གྲུབ་འཕེན་དགོས་པར་འདོད་པའི་རྩོད་པ་ཡིན་པས། དགག་པ་གཉིས་ཀྱི་གནད་མ་གོ་བའི་ལུགས་ཀྱི་རྩོད་པའོ། །

དེ་ལྟར་འཕེན་པ་ལ་ཁྱབ་པ་མེད་པར་ཐལ། དཔེར་ན། ལྷས་བྱིན་གསོད་བྱེད་ཀྱི་མཆོད་སྦྱིན་བསད་པས་ལྷས་བྱིན་སླར་མི་ལྡོག་པ་བཞིན་ཡིན་པའི་ཕྱིར། ཞེས་སེམས་ཙམ་པ་ལ་སྨྲས་པའོ། །༢༠༠༧།༦།༢༧

འདིའང་ཕྲན་གྱིས་བྲིས་པའི་ཕར་ཕྱིན་སྐོར་གྱི་བརྗེད་བྱང་ལས་བཤུས་སོ། །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།