བྱང་ཆུབ་ལམ་སྒྲོན་གྱི་རང་འགྲེལ་ལ་དཔྱད་པ།

བྱང་ཆུབ་ལམ་སྒྲོན་གྱི་འགྲེལ་པ་རང་འགྲེལ་དུ་གྲགས་པ་འདི་ཇོ་བོ་ཆེན་པོའི་གསུང་ཡིན་ནམ་མིན་ཞེ་ན། འདི་ལ་ཇོ་བོའི་གསུང་མིན་པར་བཤད་པ་ཞིག་ཡོད་རབས་འདུག་པ་བདག་གིས་མཐོང་ཐོས་བྱུང་ཡང་འདིའོ་ཞེས་པ་ཞིག་ད་ལྟར་མི་ངེས་མོད། གང་ལྟར་དཔྱད་པ་བྱ་རྒྱུ་ནི་ཡོད་དེ། འདི་ལྟར།

  1. རང་འགྲེལ་འདིའི་རྩོམ་འགྲོས་སྤྱི་ལ་དཔག་ན། རྒྱ་གར་འཕགས་པའི་ཡུལ་གྱི་པཎ་ཆེན་དག་གི་གསུང་འགྲོས་ཁོ་ནར་སྣང་སྟེ། རྒྱབ་རྟེན་གྱི་ལུང་འདྲེན་གནང་ཚེ། སངས་རྒྱས་ཀྱི་གསུང་མདོ་རྒྱུད་ཀྱི་བཀའ་རྣམས་མཐར་ཆགས་སུ་བགྲང་ཞིང་། ཚད་མར་གྱུར་པའི་བསྟན་བཅོས་དག་དྲངས་པར་མཛད་པར་མ་ཟད།
  2. དབུར། རྗེ་བཙུན་འཕགས་མ་སྒྲོལ་མ་དང་འཇམ་དབྱངས་གཉིས་ལ་འགྱུར་ཕྱག་དང་། དེ་ནས་ཡང་བདེ་མཆོག་ལ་སོགས་པ་ནས་སྒྲོལ་མའི་བར་གྱི་ཡི་དམ་རྣམས་ལ་མཆོད་བརྗོད་མཛད་འདུག་པས། ཇོ་བོ་ཆེན་པོས་རྗེ་བཙུན་སྒྲོལ་མ་ཡི་དམ་གྱི་ལྷའི་གཙོ་བོ་ཞིག་ཏུ་མཛད་པའི་རྣམ་ཐར་དང་ཤིན་ཏུ་མཐུན་ཞིང་།
  3. སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། །ཞེས་པའི་ཐད་དུའང་། དེས་བདག་ལ་འདི་སྐད་དུ། ཞེས་སོགས་དང་།
  4. དེ་ལྟར་བདག་གི་བླ་མ་རྗེ་བཙུན་དཔལ་བྱང་ཆུབ་བཟང་པོ་དང་། བླ་མ་རྗེ་བཙུན་སུ་ཝརྞྞ་དྭི་པ་དག་ཀྱང་འཕགས་པ་དེ་དག་གི་རྗེས་སུ་འབྲང་བ་དང་། བདག་ཀྱང་བླ་མ་རྗེ་བཙུན་དེ་དག་གི་རྗེས་སུ་འབྲང་བ་ཡིན་པས། ཞེས་སོགས་བླ་མ་དེ་གཉིས་ཀྱི་མཚན་སྨྲོས་སྐབས་བདག་གི་བླ་མ་ཞེས་ལན་མང་དུ་འབྱུང་བ་དང་།
  5. བདག་མེད་གཏན་ལ་འབེེབས་པའི་སྐབས་སུ་སློབ་དཔོན་ཆེན་པོ་དག་གིས་གསུངས་པའི་རིགས་པ་རྣམས་བསྟན་ནས། སངས་རྒྱས་ཀྱི་གསུང་མདོ་ཚན་སུམ་ཅུ་སོ་དྲུག་གི་མཚན་དང་། དེ་དག་ལས་དང་པོ་བརྒྱད་ཀྱི་མདོ་ཚིག་དངོས་སུ་བགྲངས་ཤིང་། སོགས་སྒྲའང་སྦྱར་གནང་མཛད་པ་སོགས་ལ་བརྟེན་ན་ནི། མཐའ་གཅིག་ཏུ་གཞུང་འདི་ཇོ་བོའི་གསུང་མིན་པར་ཡང་སྨྲ་བར་མི་སྤོབས་སོ། །

འོན་ཀྱང་ལྷ་གཅིག་དི་པཾ་ཀ་རའི་གསུང་མིན་པར་དོགས་པའི་གཞིའང་མང་དུ་མཆིས་ཏེ་འདི་ལྟར།

  1. རྩ་ཤེའི་འགྲེལ་པ་བགྲངས་སྐབས། ག་ལས་འཇིགས་མེད་ནི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཡིན་པར་མཛད་འདུག་སྟེ། དེ་ཉིད་ལས། འགྲེལ་པ་བརྒྱད་ཡོད་དེ། སློབ་དཔོན་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད་དང། ཞེས་འབྱུང་ཡང་། འགྲེལ་པ་དེར། བཙུན་པ་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉན་བྱ་དང་། །ཞེས་སོགས་བཞི་བརྒྱ་པའི་ལུང་དྲངས་པས། མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་དུ་མི་རིགས་ཚུལ་རྗེ་བདག་ཉིད་ཆེན་པོས་དྲང་ངེས་སུ་གསུངས།
  2. དེ་ཉིད་ལས། དེ་ལ་ཤེས་རབ་སྒྲོན་མ་ལ་ཊཱི་ཀ་ཆེན་པོ་གཉིས་ཡོད་དེ། ཨཙརྱ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པ་དང། ཨ་ཙརྱ་དེ་བ་ཤར་མས་མཛད་པའི་དབུ་མ་དཀར་པོ་འཆར་བའོ། །ཞེས་འབྱུང་ཡང་། དཀར་པོ་འཆར་བ་ནི་དེའི་འགྲེལ་པ་མིན་པར། དེ་གང་ལ་བརྟེན་པའི་ཁུངས་ཡིན་ཏེ། དྲང་ངེས་རྣམ་འབྱེད་ལས། ལེགས་ལྡན་འབྱེད་ནི་དེ་བ་ཤར་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བའི་རྗེས་སུ་འབྲང་བར་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་བཤད་དོ། །ཞེས་གསུངས་པས་སོ། །
  3. གཞན་ཡང་། སློབ་དཔོན་ལེགས་ལྡན་དང། དཔལ་ལྡན་ཟླ་བ་སོགས་ཀུན་ཀྱང་ལྟ་བ་ལ་མཐོ་དམན་མེད་པ་ལྟ་བུར་བྱས་ནས་གོང་འོག་དུ་མར་ལྷན་དུ་བགྲང་བར་མཛད་འདུག་པ་དེ་དག་ལ་བལྟས་ན། ཇོ་བོ་ཆེན་པོ་ལྷ་གཅིག་དི་པཾ་ཀ་ར་ཤྲཱི་ཛྙ་ན་ལྔ་བརྒྱའི་གཙུག་རྒྱན་དུ་གྱུར་པའི་པཎ་ཆེན་ཁོང་གནས་རགས་པ་འདི་ཙམ་ལ་འཁྲུལ་ག་ལ་སྲིད། དེས་ན། ཁོ་བོའི་རྨོངས་བློར་འཆར་ཚོད་ཙམ་བྱས་ན། ཇོ་བོ་རང་གིས་རང་འགྲེལ་འདི་མཛད་པ་ལ་ཕྱིས་སུ་དུམ་བུ་འགའ་རེ་སློབ་མ་ལ་སོགས་པས་བཅུག་པ་ཡིན་ནམ་སྙམ་ཡང་ད་དུང་རྣམ་དཔྱོད་ཅན་རྣམས་ཀྱིས་དཔྱད་པར་བྱའོ། །

འདི་ནི་དེ་རིང་a༢༠༡༡།༧།༢ ཉིན་སེར་བྱེས་ཡིད་དགའ་ཆོས་གླིང་དུ་བོད་གཞུང་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ནང་ཆོས་ངོ་སྤྲོད་གནང་ཚུལ་སྐོར་གྱི་བཀའ་སློབ་གསུང་བཤད་སྐབས་བགྲོ་གླེང་བྱུང་བའི་རྐྱེན་བྱས་ཏེ། སླར་ཡང་ལམ་སྒྲོན་རང་འགྲེལ་ལ་བམ་ཀློག་རགས་ལྟ་ཞིག་བྱེད་ཚེ་བསམ་བློའི་འཆར་སྒོ་འགའ་བྱུང་བ་ཕྲན་མཁར་སྒང་བསོད་ནམས་དབང་ལྡན་གྱིས་འཕྲལ་དུ་ཡིག་ཐོག་ཏུ་ཕབ་པའོ། །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།