༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ།

ཕྱི་ལོ་ ༡༩༦༠ ལོར་༸གོང་ས་༸་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བསྩལ་པའི་ལམ་སྟོན་ཞིག་གི་སྐོར་དེང་ ༢༠༡༡།༦།༢༤ དགོང་མོར་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་ས་གནས་ཁག་ཏུ་འཚམས་གཟིགས་དང་འབྲེལ་ནས་བཅའ་ཁྲིམས་བསྐྱར་བཅོས་གསལ་བཤད་དུ་ཕེབས་པའི་སྤྱི་འཐུས་རྣམ་པ་གཉིས་༼མདོ་སྟོད་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས་དང་དབུས་གཙང་སྤྱི་འཐུས་ཟླ་སྒྲོན་ལགས།༽ལས་ཚུལ་ཁྲིམས་བསྟན་འཛིན་ལགས་ཀྱིས་གསུངས་གསལ་ལ།

ཁོང་ནི་བོད་མི་བཙན་བྱོལ་བ་རྒན་རབས་ཤིག་སྟེ། བོད་ཁྱིམ་སློབ་གྲྭའི་དགེ་རྒན་གནང་ནས་སློབ་ཕྲུག་ཚོ་རྡ་སར་ ༡༩༦༠ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་དུ་ཁྲིད་སྐབས། ༸རྒྱལ་དབང་དོན་གྱི་བདག་པོ་མཆོག་གིས་ཕོ་བྲང་རྙིང་པའི་མདུན་དུ་སློབ་ཕྲུག་ཁག་དང་མི་མང་བཅས་འཛོམས་སར། ད་ང་ཚོ་ཐབས་སྐྱོ་བོ་ཞིག་ཆགས་སོང་ང་། ད་ག་རེ་བྱས་སོང་ཨ། ཞེས་ཐུགས་སྐྱོ་བོའི་ངང་ནས་གསུངས་ཏེ་སྤྱན་ཆབ་བསིལ་བས། དེར་བཞུགས་སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་ཀྱིས་དབུས་པའི་སེར་སྐྱ་མང་ཚོགས་ཀྱང་ཡུན་རིང་བར་ངུས། ཞེས་གསུངས།

ངའི་བློ་ངོར་ཁྲ་ལམ་མེར་འཆར་འོང་བ་ནི། སྐབས་དེའི་སྤྱི་ཚོགས་དང་ཁོར་ཡུག དེ་བཞིན་མི་མང་གི་འཚོ་ཐབས་དང་གྱོན་ཆས། ལྷག་པར་དུ་༸གོང་ས་མཆོག་གི་ཐུགས་འགན་ལྗིད་མོའི་སྐོར་རྣམས་ཏེ། དེའང་སྐབས་དེ་དུས་ཀྱི་འདྲ་པར་འགའ་ཤས་དེང་དུས་མཐོང་རྒྱུ་ཡོད་པ་རྣམས་ལ་དཔག་ན། ད་ལྟའི་རྡ་སའི་རྣམ་པ་འདི་ལས་ཤིན་ཏུ་ཐ་དད་ཅིང་། རི་མགོ་དེར་གྲོང་ཚོ་ཉུང་ཞིང་། ཟང་ཟིང་གིས་དབེན་པའི་ལྷིང་འཇགས་དབེན་གནས་ལྟ་བུ་ཞིག་དང་། བྱ་བྱི་རི་དྭགས་དང་སྤྲ་སྤྲེལ་སོགས་ཀྱི་འཚོ་སྡོད་བྱ་སའི་ཡུལ་སྟོང་ཞིག་ལས་གནག་སྣུམ་གྱི་ལམ་ཆེན་དང་། བཀྲག་མདངས་ཅན་གྱི་ཁང་བཟང་སོགས་ནི་རྨི་ལམ་དུའང་འཁོར་མ་མྱོང་བའི་ཚོད་ཙམ་རེད། 

གཡས་གཡོན་དུ་རྩྭ་སྤྱིལ་དང་རྫ་ཁང་ཐར་ཐོར་རེ་ལས་མེད་ཅིང་། རི་མགོའི་རྩྭ་སྐྱ་དང་ནགས་ཚལ་གྱི་སྡོང་ལོ་རྣམས་ཕྱོགས་ཀྱི་བུ་མོས་ཡར་མར་གཏོར་བའི་ཤུར་སྒྲ་ཡ་ང་བ་རེ་དང་འགྲོགས་ནས་ས་མཐར་འཁྱམ་པའི་སྐབས་དེའི་བོད་མི་རྣམས་ནི་རང་ཡུལ་བརླགས་མ་ཐག་པའི་སྡུག་བསྔལ་དང་། སྐད་བརྡ་ཙམ་ཡང་མི་འཕྲོད་པར་གཞན་ཡུལ་གསར་དུ་འགྲིམ་པའི་རྒྱུས་མེད་ཀྱི་གནས་སྟངས་སྐྱོ་བོའི་ངང་ཚུལ་ལ་ཁོར་ཡུག་སྐྱ་ཐིང་ངེ་བ་དེས་ཀྱང་སྡུག་གི་སྣོན་པ་བཏབ་པ་ལྟར་གྱུར་ཏེ། ཇི་འདྲའི་སེམས་སྡུག་ཅིག་ཡོད་ངེས་རེད་ཨང་། དེས་ན་ཁོ་ཚོ་རྒན་གཞོན་བར་གསུམ་དབྱེ་བ་མེད་པར་སྡུག་གི་མཆི་མ་དུས་གཅིག་ཏུ་བབ་ཆོག་ན་རྒྱ་མཚོའི་ཚོད་ཙམ་དུ་ཕབ་རྒྱུ་ཡོད་པའང་གདོན་མི་ཟ་བས། འདི་ཕྱིའི་བདེ་སྡུག་ཞུ་ས། བློ་སྙིང་བྲང་གསུམ་གཏད་ས། ཕ་མ་སྤུན་མཆེད་དང་ཕ་མེས་ཡང་མེས་ཀུན་ལས་ཀྱང་བཀའ་དྲིན་འབུམ་འགྱུར་གྱིས་ཆེ་བའི་བླ་མ་ཁོང་གི་སྐུ་མདུན་དུ་ངུ་ས་ཞིག་རག་ན་ནི། དེ་བས་ཀྱང་བློ་བདེ་བདེ་བར་དུ་ལོས་ངུ་། ད་ལྟར་ངས་འདི་ཚོ་འབྲི་སྐབས་རང་ཡང་དེ་ཤེད་ཅིག་ཏུ་ཡོད་སྣང་གིས་མགྲིན་པ་བརྣངས་པའི་ཚོར་བ་ཤུགས་དྲག་བྱུང་ལ། ང་རང་དེ་ཤེད་ཡོད་ན་ཤུགས་ཀྱིས་ངུ་བར་གདོན་མི་ཟ། དེས་ན་ཁོང་ཚོ་ངུ་བའི་མཆི་མ་རྡ་སའི་ཁོར་ཡུག་ཏུ་ཐིམ་པའི་ལོ་རྒྱུས་དེའང་ས་འཛིན་རྒན་མོས་སྲིད་མཐའི་བར་དུ་ཉར་ངེས་རེད།

དེ་ནས་མཚམས་དེར་༸རྒྱལ་དབང་དོན་གྱི་བདག་པོས། ད་མ་ངུ་། ང་ཚོ་ངུ་ནས་ཕན་རྒྱུ་མེད། གཙོ་ཆེར་གཞིས་ལུས་རྒྱ་ཆེ་མི་མང་སྡུག་གི་རྒྱ་མཚོའི་ནང་ཚུད་པ་དེ་ཚོ་སྐྱོབ་ཐབས་དང་། རང་དབང་སླར་གསོ། ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་རྒྱུད་འཛིན་བྱ་དགོས་རྒྱུ་གལ་ཆེ། དེ་ཐམས་ཅད་ཀྱི་རྩ་བ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། ཅེས་བཀའ་སློབ་ཕེབས་ཚུལ་དེ་རིང་སྤྱི་འཐུས་རྒད་པོ་ཁོང་གིས་འབད་སྐུལ་དང་འབྲེལ་ནས་ཚོར་ཤུགས་དྲག་པོས་གསུངས་སོང་བས། ང་ཚོས་ཀྱང་མི་ལོ་ལྔ་བཅུའི་གོང་གི་༸གོང་ས་མཆོག་གི་ཐུགས་རེ་དེ་ནམ་ཡང་སེམས་ལ་བཅངས་ནས་མི་རེ་ངོ་རེས་རང་ནུས་དང་འཇོན་ཐང་སྤྱིའི་ཕྱོགས་སུ་བཏོན་ནས་སྤྱི་དོན་བསྒྲུབ་དགོས་པ་དང་། སྤྱི་སེམས་འཆང་དགོས་པ་དེ་མི་རིགས་དང་ཚོགས་པ་སོགས་སྤྱི་ཚོགས་ཡར་རྒྱས་འགྲོ་བའི་གཞི་རྩའི་གནད་དོན་ཞིག་ཡིན་གཤིས། ནམ་ཡང་བརྗེད་མི་རུང་ངོ་། །

ཉིན་ཤས་རིང་དྲ་འབྲེལ་ལེགས་པོ་མེད་རྐྱེན་སོགས་ཀྱིས་ཤམ་བྷ་ལའི་ཟིན་བྲིས་སྒོ་ཕྱེ་མ་ཐུབ་པར་རྩོམ་འདི་ཅུང་ཟད་ཕྱིས་སོང་།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།