རྣམ་འདྲེན་ཤཱཀྱ་སེངྒེ་ལ་བསྟོད་པ་དད་པའི་ཨ་ལོང་།

སྐུ་བཞིའི་གོ་འཕང་མངོན་དུ་མཛད་པའི་མཐུས། །
འཕྲིན་ལས་རྣམ་བཞིས་གཞན་དོན་ཐོགས་མེད་མཛད། །
བདེན་བཞིའི་བླང་དོར་ཚུལ་བཞིན་སྟོན་མཛད་པའི། །
མཉམ་མེད་ཤཱཀྱ་སེངྒེར་ཕྱག་འཚལ་ལོ། །
དུས་གསུམ་རྒྱལ་བ་ཐམས་ཅད་གཤེགས་པ་བཞིན། །
དུག་གསུམ་རྩད་ནས་སྤངས་པས་དྲི་མས་དག །
སྡུག་གསུམ་འཆིང་བ་ཀུན་གྲོལ་བདེ་མཆོག་བརྙེེས། །
སྐུ་གསུམ་མངོན་གྱུར་ཁྱེད་ལ་གསོལ་བ་འདེབས། །
བདེན་གཉིས་ཟབ་མོའི་ཆོས་ཀུན་ཐུགས་སུ་ཆུད། །
ཚོགས་གཉིས་བསྐལ་ཆེན་གྲངས་མེད་གསུམ་དུ་བསགས། །
དོན་གཉིས་རྒྱ་མཚོའི་མུ་མཐར་ཡོངས་སོན་པའི། །
དག་པ་གཉིས་ལྡན་ཁྱེད་ལ་གསོལ་བ་འདེབས། །
དགའ་ལྡན་གནས་ནས་གཟིགས་པ་ལྔ་དང་བཅས། །
འཆེ་བ་དྲུག་ལྡན་ཐལ་དཀར་རྣམ་པ་ཡིས། །
སྒྱུ་མ་ལྷ་མཛེས་ལྷུམས་སུ་ཞུགས་ཚུལ་བསྟན། །
མི་ཡི་ཁྱུ་མཆོག་ཁྱེད་ལ་གསོལ་བ་འདེབས། །
ས་ཟླའི་ཡར་ཚེས་རྫོགས་པ་གསུམ་པ་ལ། །
གསོ་སྦྱོང་ལ་གནས་སྒྱུ་མ་ལྷ་མཛེས་མཆོག །
ལུམྦི་ནི་ཡི་ཚལ་དུ་ཕེབས་པའི་ཚེ། །
ཕྱག་གཡས་འོག་ནས་བལྟམས་ལ་གསོལ་བ་འདེབས། །
གཞོན་ནུ་ཉིད་ནས་སྒྱུ་རྩལ་ཚོགས་ལ་མཁས། །
སྒྱུ་རྩལ་རྫོགས་པའི་སྐྱེས་བུས་འགྲན་མི་བཟོད། །
དྲེགས་ལྡན་ཚར་བཅད་མི་ཡི་སེངྒེ་སྟེ། །
སྒྱུ་རྩལ་ཀུན་རྫོགས་ཁྱེད་ལ་གསོལ་བ་འདེབས། །
འཁོར་བའི་ཕུན་ཚོགས་རྣམས་ལ་སྲེད་བྲལ་ཡང་། །
ཐུན་མོང་གདུལ་བྱའི་སྣང་ངོར་བཙུན་མོ་ཡི། །
འཁོར་གྱིས་རོལ་ཏེ་རྒྱལ་སྲིད་སྐྱོང་ཚུལ་བསྟན། །
ཐབས་ཤེས་ཕུལ་བྱུང་ཁྱེད་ལ་གསོལ་བ་འདེབས། །
རྒ་ནད་འཆི་བའི་རྐྱེན་གསུམ་གཟིགས་ཚུལ་གྱིས། །
རབ་བྱུང་ངུར་སྨྲིག་སྡེ་ལ་ཞུགས་བཞེད་ནས། །
མཆོད་རྟེན་རྣམ་དག་དྲུང་དུ་རབ་ཏུ་བྱུང་། །
རྐང་གཉིས་གཙོ་བོ་ཁྱེད་ལ་གསོལ་བ་འདེབས། །
ཆུ་ཀླུང་ནཻ་ར་ཉྫ་ནའི་ཉེ་འགྲམ་དུ། །
མི་ལོ་དྲུག་ལ་ཞལ་ཟས་ཏིལ་རྒྱ་ཤུག །
བཞི་བཞི་འབྲས་འབྲུ་དྲུག་གིས་བྱང་ཆུབ་བསྐྲུན། །
དཀའ་སྤྱད་མཐར་ཕྱིན་མཛད་ལ་གསོལ་བ་འདེབས། །
སྐྱིལ་ཀྲུང་མི་གཡོ་མཉམ་གཞག་ལ་གནས་དུས། །
བདུད་དམག་བྱེ་བས་མཚོན་ཆར་ཕབ་ན་ཡང་། །
གོ་མཚོན་མ་བཟུང་བྱམས་པའི་ས་ལམ་གྱིས། །
བཏུལ་མཛད་མཆོག་སྤྲུལ་ཁྱེད་ལ་གསོལ་བ་འདེབས། །
ས་ག་ཟླ་བའི་བཅོ་ལྔའི་ཐོ་རེངས་དུས། །
བྱང་ཆུབ་ལྗོན་ཤིང་དྲུང་དུ་མཉམ་གཞག་ངང་། །
མངོན་པར་རྫོགས་སངས་རྒྱས་པའི་ཚུལ་མཆོག་བསྟན། །
ཤཱཀྱའི་རྒྱལ་པོ་ཁྱེད་ལ་གསོལ་བ་འདེབས། །
ཆེར་སྙིགས་ལྔ་བདོའི་འགྲོ་ལ་བརྩེར་དགོངས་ནས། །
ངེས་པ་ལྔ་ལྡན་གང་ལས་ཉེར་འོངས་ཤིང་། །
བཅུ་གཉིས་ལྔ་བཅུ་གཉིས་ལྡན་སྐུ་མཆོག་བསྐྲུན། །
ལྔ་སྡེར་ཆོས་འཁོར་བསྐོར་ལ་གསོལ་བ་འདེབས། །
ངེས་དོན་སྐྱེ་འཆི་སྤངས་པའི་རྡོ་རྗེའི་སྐུ། །
མི་རྟག་འཇིག་པའི་ངང་ཚུལ་རྟོགས་པའི་ཕྱིར། །
དབྱར་གྱི་ནམ་མཁའི་འགྱུར་ལྡོག་ཇི་བཞིན་དུ། །
མྱ་ངན་འདས་པ་མཛད་ལ་གསོལ་བ་འདེབས། །
དེ་ལྟར་སྟོན་པ་མཆོག་དེའི་མཛད་པའི་ཚུལ། །
ཇི་བཞིན་བརྗོད་འདིས་འགྲོ་བ་མཐའ་དག་ཀྱང་། །
དེ་བཞིན་ས་ལམ་བགྲོད་པ་མཐར་ཕྱིན་ཅིང་། །
སྐུ་མཆོག་ལྟ་བས་མི་ངོམས་མྱུར་ཐོབ་ཤོག །
བདག་ཀྱང་ཚེ་རབས་ཀུན་ཏུ་སྟོན་པ་འདིའི། །
ལུང་རྟོགས་བསྟན་པར་ལོངས་སུ་སྤྱད་བྱས་ནས། །
འགྲོ་ཀུན་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་བའི། །
དེད་དཔོན་བླ་ན་མེད་པར་འགྱུར་བར་ཤོག །
འདིར་འབད་དགེ་བ་ཅུང་ཟད་བསགས་པ་དེས། །
རྒྱལ་བའི་བསྟན་པ་ཡུན་རིང་རྒྱས་གྱུར་ཅིང་། །
འགྲོ་ཀུན་ལམ་མཆོག་འདི་ལ་ཞུགས་པ་དང་། །
ཀུན་ཀྱང་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །
ཅེས་པ་འདི་ནི། ༢༠༠༡།༦།༧ རེས་གཟའ་ལྷག་པ་སྟེ་ས་ག་ཟླ་བའི་ཚེས་བཅོ་ལྔ། བདག་ཅག་གི་སྟོན་པ་སྐུ་བལྟམས་པ། མངོན་པར་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་མཛད་པ་གསུམ་འཁེལ་བའི་སྐལ་བཟང་གི་ཉིན་མོར་བྲིས་པ་དགེའོ།། །།
འདི་ནི་ཕྲན་གྱིས་ལོ་བཅུའི་གོང་ནས་བྲིས་ཟིན་པའི་དེབ་རྙིང་ཞིག་ལས་ཡིག་འབྲུ་འགའ་ཤས་ལས་མ་བཅོས་པར་རང་སོར་བཀོད་པ་ལགས་སོ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།