བཀའ་ཁྲིའི་མཚན་ལ་སྲིད་སྐྱོང་ཞེས་ངེས་པར་དུ་བསྒྱུར་དགོས།

སྐབས་འདི་ནི་རང་རེའི་མང་གཙོའི་གཞུང་དང་ཁྱད་པར་དུའང་བོད་ཀྱི་ལོ་རྒྱུས་ནང་གནད་འགག་ཤིན་ཏུ་ཆེ་བའི་དུས་སྐབས་ཤིག་ཡིན་སྟབས། མི་རེ་ངོ་རེ་ནས་འགན་ཁུར་ཏེ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྐོར་བསམ་བློ་གཏོང་རྒྱུ་དང་བགྲོ་གླེང་ལྷུག་པོ་བྱེད་དགོས་ངེས་ཡིན། དེས་ན་ཕྲན་གྱིས་ཀྱང་ཅུང་ཟད་ཞུ་ན།

སྤྱིར་རང་རེའི་མང་གཙོའི་འཕེལ་རིམ་ལ་ཕྱིར་བལྟས་བྱེད་ན་དུས་ཡུན་ཐུང་ངུ་ཞིག་གི་ནང་འཕེལ་ཚད་ལེགས་པོ་བྱུང་ཡོད་པའང་གཙོ་ཆེར་༸གོང་ས་མཆོག་གི་ཐུགས་རྗེ་དང་སྐུ་དྲིན་ཉག་གཅིག་ཡིན་པ་བརྗེད་མི་ཉན། དེ་སྔ་ ༡༩༦༠ ལོར་༸གོང་ས་མཆོག་གིས་མང་གཙོ་གསོལ་རས་གནང་བ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ནང་ལེའུ་གསར་པ་ཞིག་དབུ་འཛུགས་གནང་བ་དང་། ༡༩༦༣ ལོར་བཅའ་ཁྲིམས་གཏན་འབེབས་གནང་བ། ༡༩༩༡ ལོར་སྤྱི་འཐུས་ཀྱི་གྲངས་འབོར་སྤར་བ། ༢༠༠༡ ལོར་མི་མང་གིས་ཐད་ཀར་བཀའ་བློན་ཁྲི་པ་འོས་འདེམས་བྱས་པ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གི་དུས་སྐབས་ལ་འགྱུར་བ་ཤུགས་ཆེན་ཞིག་བཏང་གནང་བའི་འགྲེལ་བརྗོད་རྒྱལ་དབང་དོན་གྱི་བདག་པོས་ཡང་ཡང་གནང་བ་ལྟར་ལགས། ཁྱད་པར་དུའང་ད་ལོ་ ༢༠༡༡ ལོར་དོན་གྱི་བདག་པོ་རང་གི་ཞལ་ནས་ཐུགས་ཐག་གཙང་བཅད་ཀྱི་རྡོ་རྗེའི་བཀའ་ལུང་ནན་པོ་ཕེབས་པ་ལ་བརྟེན་ནས་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་དུས་སྐབས་ནི་རྒྱལ་ཁའི་ངང་ནས་མཇུག་ལེགས་པར་གྲུབ་ཟིན་པ་ཀུན་གསལ་ལྟར་ཡིན།

འོན་ཀྱང་བྱུང་བ་ལ་ཉམས་ཀྱིས་བལྟས་ན། མང་གཙོའི་ལམ་ལུགས་ལ་སྲིད་འཛིན་ལམ་ལུགས་དང་སྲིད་བློན་ལམ་ལུགས་གཉིས་ཡོད་རབས་འདུག་པ་ལས། དེ་སྔའི་བོད་ཀྱི་མང་གཙོ་ནི་ ༡༩༦༠ ནས་ ༢༠༠༠ བར་དུ་སྲིད་འཛིན་ལམ་ལུགས་ལྟ་བུ་དང་། ༢༠༠༡ ལོར་བཀའ་ཁྲིས་སྲིད་ཕྱོགས་ཀྱི་འགན་ཕལ་མོ་ཆེ་གཙང་བཞེས་གནང་སྟེ། དོན་གྱི་བདག་པོ་མཆོག་གིས་སྲིད་ཕྱོགས་ཀྱི་ཕྱག་ལས་མང་པོ་རྒྱུན་པར་གནང་མི་དགོས་པར་སྲིད་འཛིན་གྱི་མཚན་གནས་བཞེས་པ་ལྟ་བུས་ཕྱེད་བགྲེས་ཡོལ་ཚུལ་དུ་བཞུགས་པ་ནས་བཟུང་ ༢༠༡༠ བར་སྲིད་བློན་ལམ་ལུགས་ལྟ་བུ་ཆགས་ཡོད།

ད་ལོར་༸གོང་ས་མཆོག་གི་བཀའ་དགོངས་མཐར་ཐུག་ཡོངས་རྫོགས་བགྲེས་ཡོལ་གནང་བ་ནས་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་༼འོས་འཚམས་ཅན་ཐམས་ཅད་༽བཀའ་ཁྲི་ལ་གནང་སྟབས། ད་ནི་སླར་ཡང་རང་རེའི་མང་གཙོ་འདི་སྲིད་འཛིན་ལམ་ལུགས་སུ་འགྱུར་བ་ཡིན་པས། བཀའ་བློན་ཁྲི་པའི་མཚན་ལ་སྲིད་སྐྱོང་ངམ་སྲིད་འཛིན་ཞེས་ངེས་པར་དུ་བསྒྱུར་དགོས་ཏེ། བཀའ་བློན་ཞེས་པས་བློན་པོར་གོ་ཞིང་། བློན་པོ་ཡིན་ན་དེའི་གོང་དུ་སྲིད་ཕྱོགས་ནས་གཞན་ཞིག་ཡོད་དགོས་པ་ལས་མེད་པའི་ཕྱིར་རོ། །གལ་ཏེ་མི་བསྒྱུར་ན་ནི་དེའི་གོང་དུ་སྲིད་འཛིན་ལྟ་བུ་ཞིག་བསྐོ་དགོས་པ་ལས་དེའང་ལས་ལྷག་ཡིན་པས། དགོས་མེད་རེད་སྙམ།

འགའ་ཞིག་གིས་ད་བར་བཀའ་ཁྲི་རིམ་པ་མང་དུ་བྱོན་ཚར་བ་རྒྱུ་མཚན་དུ་བགྲངས་ནས་བཀའ་ཁྲིའི་མཚན་བརྗེ་མི་རུང་ཟེར་བ་དང་། བརྗེ་ན་ནི་སྲིད་སྐྱོང་དང་པོ་གཞི་ནས་བརྩི་སྟེ་བཀའ་ཁྲིའི་བྱ་གཞག་མཇུག་བསྡུ་དགོས་པ་དོན་མེད་ཟེར་ཡང་། དེ་ནི་མ་བརྟགས་པ་ཡིན་ཏེ། བོད་གཞུང་དགའ་ལྡན་ཕོ་བྲང་ཡང་འགྱུར་བའི་དུས་ལ་སླེབས་ཟིན་པ་ཡིན་ན། བཀའ་ཁྲིའི་མཚན་ཙམ་བསྒྱུར་མི་རུང་བ་ཅི་ཡོད། ཡང་ཁོ་རང་གིས་བཀའ་ཁྲི་གསར་པ་ལ་སྲིད་བློན་གྱི་མཚན་གནས་ཕུལ་ན་ཡག་པོ་འདུག་ཟེར་ཡང་། དེ་ནི་ནང་འགལ་ཡིན་པར་མ་ཟད། གོང་སྨྲོས་ལྟར་གྱི་སྐྱོན་ཡོད་ལ། བོད་ཀྱི་རྒྱལ་པོའི་ལམ་ལུགས་དང་མང་གཙོའི་ལམ་ལུགས་གཉིས་ཀ་མཉམ་གནས་བྱེད་ཐབས་ཟེར་བ་ནི་རྨི་ལམ་ཙམ་སྟེ། དོན་གྱི་བདག་པོ་མཆོག་གིས་ཉེ་ཆར་དུས་རབས་འདིར་རྒྱལ་པོའི་ལམ་ལུགས་སོགས་མཇུག་བསྒྲིལ་ཟིན་པའི་བཀའ་གསལ་པོ་ཕེབས་པ་ཙམ་དུ་མ་ཟད། དངོས་སུ་ཕྱག་བསྟར་གནང་སྟེ་སུས་ཀྱང་བཙན་ཤད་མ་ཞུས་པར་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་མང་ཚོགས་ལ་གསོལ་རས་གནང་ཟིན་པས། ད་རྒྱལ་པོའི་ལམ་ལུགས་རྒྱུན་གནས་བྱེད་ན། རྒྱལ་པོ་གང་ནས་འཚོལ་རྒྱུ་ཡིན་ལགས། དེས་ན་ངའི་བསམ་པར་བཀའ་བློན་ཁྲི་པའི་མཚན་དེ་སྲིད་སྐྱོང་དུ་བསྒྱུར་ན་འོས་འཚམ་ཅན་དུ་མཐོང་ངོ་། །

ཡང་བཀའ་ཁྲི་ལ་དུས་ཡུན་ངེས་ཅན་ཡོད་པ་ལྟར་སྤྱི་འཐུས་ལའང་ཡོད་དགོས་ཟེར་བ་ནི། གནད་འགག་མ་རྟོགས་པའི་རིགས་འགྲེ་ཐལ་ཆེས་པ་ཞིག་རེད། རྒྱུ་མཚན་ནི་སྤྱི་འཐུས་ལྷན་ཚོགས་ནི་ཁྲིམས་བཟོ་ལྷན་ཚོགས་ཡིན་གཤིས། ཁྲིམས་བཟོ་བ་རྣམས་ལ་ཇི་ཙམ་ལོ་མང་གི་ཉམས་མྱོང་ལྡན་པ་དེ་ཙམ་གྱིས་བཅའ་ཁྲིམས་བཟོ་རྒྱུ་དང་བཅོས་རྒྱུ་སོགས་ལ་ཕན་ཐོགས་ཆེ་བས། དུས་ཡུན་ངེས་ཅན་མེད་པ་ཉིད་ལེགས་པ་ཡིན་སྟབས། སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ཀྱིས་ཀྱང་གྲོས་ཚོགས་ཚོགས་མི་ལ་དུས་ཡུན་ངེས་ཅན་བཟོས་མེད་པར་མ་ཟད། འགའ་ཤས་ཀྱིས་མི་ལོ་སུམ་ཅུ་བཞི་བཅུ་བར་གྲོས་ཚོགས་ཚོགས་མི་བྱས་པའི་སྙན་གྲགས་དང་བྱ་དགའ་ཡང་གནང་སྲོལ་ཡོད་རབས་འདུག་གོ །

འདི་ནི་བགྲོ་གླེང་ཙམ་དུ་ཕུལ་བ་ཡིན་པས། གཞན་དགའ་མི་དགའ་སོགས་ཀྱི་དོགས་པ་རྣམ་རྟོག་གང་མི་མཛད་པར་ཞུ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།