བོད་ཀྱི་ཡིག་གཟུགས་ཀྱི་རྣམ་གཞག་སྒྱུ་རྩལ་གསལ་བྱེད།

༄༅། །ལྷག་པའི་ལྷ་དང་དཔལ་ལྡན་བླ་མ་རྣམས། །
དབྱེར་མེད་ཞབས་ཀྱི་པདྨོར་གུས་བསྟེན་ནས། །
བློ་ལྡན་ཡིད་འགུག་ཡིག་གཟུགས་སྒྱུ་རྩལ་གྱི། །
སྒེག་ལྡན་ལྷ་མོའི་མཛེས་རིས་འདི་ན་སྤེལ། །
༈ བོད་ཀྱི་ཡིག་གཟུགས་མཛེས་རིས་ནི། །
རྒྱུ་སྐར་གྲངས་ལ་འགྲན་བཟོད་ཅིང༌། །
མཛེས་རྩལ་ལྷ་མོའི་སྒེག་ཉམས་ནི། །
འདྲེན་བྱེད་མིག་གི་བདུད་རྩིར་འཁྲུངས། །
སྤྱིར་ན་སོར་མོའི་འདུ་བྱེད་ལས། །
བྱུང་བའི་མཛེས་རྩལ་ག་ལ་འགྲོངས། །
འོན་ཏེ་རིགས་མཐུན་བསྡུས་པ་ན། །
རྩ་བའི་དབྱེ་བ་མིག་དག་སྟེ། །
དབུས་པས་དབུ་ཅན་དབུ་མེད་ཟེར། །
ཨ་མདོས་ཡིག་དཀར་ཡིག་ནག་ཟེར། །
ཁམས་སུ་གཟབ་དང་གཤར་དུ་གྲགས། །
དང་པོས་ཡི་གེའི་གཟུགས་ལས་བཏགས། །
གཉིས་པས་སྦྱོང་ཤེས་དཀའ་སླས་དང༌། །
གསུམ་པས་མགྱོགས་དལ་ཚུལ་གྱིས་བཏགས། །
༈ སྔོན་དེང་ལོ་རྒྱུས་སྨྲ་བ་རྣམས། །
དབུ་ཅན་དབུ་མེད་ཡིག་གཟུགས་གཉིས། །
ལཉྫ་ཝརྟུ་ལ་དང་ནི། །
ཁ་ཆེའི་ཡི་གེ་ནཱ་ག་ར། །
སོགས་ལ་དཔེར་བྱས་བཟོས་ཞེས་སོགས། །
མི་མཐུན་མི་རེས་གཏམ་རེ་དང༌། །
བྱ་རེས་གླུ་རེ་བླངས་མོད་ཀྱི། །
བདེན་དོན་གནམ་འཕང་གཅོད་པ་ཡི། །
རིགས་པའི་གཤོག་རྩལ་ལྡན་པ་ཉིད། །
བློ་གསལ་མཁའ་དབྱིངས་མཛེས་རྒྱན་དུ། །
བསྒྲུབ་ལ་སུ་ཞིག་མགུ་མི་འགྱུར། །
དཔྱོད་ལྡན་དགེ་འདུན་ཆོས་འཕེལ་གྱིས། །
གུཔྟ་སྔ་མའི་རྒྱལ་བརྒྱུད་སྐབས། །
མཁས་མཆོག་ཐུ་མིས་བོད་ཡིག་མཛད། །
དེ་དུས་ཟངས་ཀྱི་གླེགས་བུ་ལ། །
བརྐོས་པའི་གུཔྟའི་ཡི་གེ་ཉིད། །
བོད་ཡིག་ཧ་ཅང་འདྲ་བ་དང༌། །
དེ་ཉིད་རིམ་གྱིས་འགྱུར་བ་ལ། །
ཕྱིས་སུ་ནཱ་ག་ར་ཞེས་གྲགས། །
ལཉྫ་གུཔྟའི་དུས་མཇུག་ཏུ། །
མཁས་པས་མཛེས་སུ་བཅོས་ཙམ་ལས། །
རྒྱལ་ཁམས་ཡི་གེ་མིན་པར་བཤད། །
ཝརྟུལ་ཡང་དེ་བཞིན་སྙམ། །
མཁས་པ་ཚེ་ཏན་ཞབས་དྲུང་གིས། །
དཔེ་རིས་བྲིས་མ་ལ་གཞིགས་ན། །
དབུ་ཅན་ཝརྟུ་ལ་ལས་བཟོས། །
གུཔྟའི་ཡི་གེ་ནཱ་ག་ར། །
ཝརྟུལ་སོགས་སྔ་ཕྱི་དང༌། །
མཛེས་རྩལ་བཏོན་པའི་ཁྱད་ཙམ་ལས། །
དོན་ལ་ཡིག་གཟུགས་གཅིག་ཉིད་དོ། །
༈ ཡིག་མཁན་དུས་ཀྱི་རྟ་ཕོ་ལ། །
བཞོན་ཏེ་ཡིག་རིས་བཤར་བ་ལས། །
དབུ་མེད་གཤར་མའི་གཟུགས་རིས་ཐོན། །
གཤར་ལའང་ནང་གསེས་མང་འབྱུང་སྟེ། །
ཁམས་ཡིག་ཅེས་གྲགས་བང་ཁང་མ། །
གྲུ་བཞི་ནར་མོ་བསླངས་པའི་ཚུལ། །
བང་ཁང་མཚུངས་མིང་བཏགས་སྙམ་སྟེ། །
ཚུགས་རིང་སུག་རིང་ཞེས་ཀྱང་ཟེར། །
མཁས་པ་ཚེ་ཏན་ཞབས་དྲུང་ལུགས། །
སུག་རིང་ཟླུམ་བྲིས་ཤིག་ཀྱང་མཆིས། །
ཅུང་ཟད་ཟླུམ་ཞིང་རྐང་མེད་མ། །
འདོགས་དང་དབྱངས་ལ་མཛེས་ཁྱད་ཅན། །
དབུ་མེད་དཔེ་ཚུགས་ཞེས་སུ་གྲགས། །
འབྲུ་ཚ་ཞེས་གྲགས་གཟབ་ཀྱི་དབྱངས། །
ལུས་ལ་གྲུ་གསུམ་མཛེས་རིས་བཀྲ། །
གཞན་ཡང་ཚུགས་འབྲིང་ཚུགས་ཐུང་བཅས། །
ལུས་དང་སུག་པ་རིང་ཐུང་གིས། །
ཕྱེ་བའི་འབྲི་རྒྱུན་རྣམ་པ་མང༌། །
ཚུགས་ཐུང་ཅུང་ཟད་མགྱོགས་པ་ལས། །
བར་བྲིས་ཤུགས་མ་ཚུགས་ཀྱིས་ཐོན། །
དེ་ཉིད་མགྱོགས་སུ་བྲིས་པ་ལ། །
རྒྱུགས་བྲིས་ངང་གིས་ཐོན་པར་སྣང༌། །
ཁྱུང་ཆེན་མཁའ་ལ་ལྡིང་ཞིང་འགྱིང༌། །
ཟན་ལ་གཤོག་རླབས་བརྒྱབས་པ་ལྟར། །
ཤིན་ཏུ་མགྱོགས་ཤིང་འཁྱུག་པ་ན། །
འཁྱུག་བྲིས་མཛེས་མའི་སྒེག་ཉམས་མངོན། །
གཞན་ཡང་འབྲི་ཚུལ་སྣ་གཅིག་ལའང༌། །
ཡུལ་དུས་ཡིག་མཁན་སོ་སོ་ལ། །
ལྟོས་ཏེ་འབྲི་ཚུལ་མང་བའི་ཕྱིར། །
དེ་དག་མ་འདྲེས་ཤེས་པར་གཅེས། །
༈ ཁྱུང་པོ་གཡུ་ཁྲི་འབར་བྱ་བས། །
ལོ་ཙཱ་སྐ་བ་དཔལ་བརྩེགས་ཀྱི། །
དབུ་ཅན་ཆ་ཆེན་ཆ་ཆུང་དུ། །
བགོས་ཤིང་ཐིག་རིས་བཏབ་ནས་བཟུང༌། །
མི་ལོ་སྟོང་དུ་ཟིན་གྱུར་ཀྱང༌། །
ཡིག་གཟུགས་མ་འགྱུར་ཁོང་གི་དྲིན། །
སྤྱིར་ན་ཡི་གེའི་བསྟན་བཅོས་ནི། །
མང་ཡང་འདྲེན་བྱེད་ཡུལ་མ་གྱུར། །
དེའི་ཕྱིར་དྲུང་ཡིག་སྨོན་ལམ་གྱི། །
ལུགས་དེ་མཐའ་དཔྱོད་ཚུལ་དུ་ནི། །
ངེས་པ་འདྲོངས་ཕྱིར་ཅུང་ཟད་འགོད། །
༈ ཆ་གསུམ་གྲུ་བཞི་ལུས་ཀྱི་སྒྲོམ། །
ཀ་ཁ་ག་ཇ་ཟ་མགོ་རིང༌། །
བ་ཞ་ར་ཧ་མགོ་འབྲིང་ལྡན། །
པ་ཕ་མ་ཝ་འ་ཡ་ལ། །
ཤ་ས་ཨ་བཅས་མགོ་ཐུང་སྟེ། །
ཁྱད་པར་ཅུང་རེས་རིང་ཐུང་ཕྱེ། །
དཔེ་རིས་བ་ནི་མགོ་རིང་དང༌། །
ང་ཉ་འ་ཤ་ཁྱད་མེད་ལྟར། །
སྣང་བས་རིང་ཐུང་དཔྱད་པར་གཅེས། །
༈ ཀ་ག་ཤ་གསུམ་རྐང་པ་རིང༌། །
ཉ་ཏ་ད་ན་ཞ་ཧ་འབྲིང༌། །
རྐང་རིང་མགོ་ཡི་ཕྱེད་གཉིས་ཟེར། །
རྐང་འབྲིང་སུམ་གཉིས་ཡིན་ནམ་སྙམ། །
ཁ་ལག་རྐང་རིང་སུམ་གཉིས་སྙེག །
འོན་ཀྱང་དཔེ་རིས་གསལ་ལྟར་ན། །
རྐང་རིང་མགོ་ཡི་ཉིས་འགྱུར་ཏེ། །
མིག་ལའང་རིང་ཙམ་མཛེས་པར་སྣང༌། །
ཁ་ག་ད་དང་ར་བཅས་ལ། །
སྦོ་མཉེན་ཉིས་ཆའི་སྟེང་ནས་དྲང༌། །
ང་དང་པ་ཕ་བ་བཞི་ལ། །
སྦོ་མཉེན་ཉིས་ཆའི་འོག་ནས་འཐེན། །
ཇ་ཐ་ཝ་དང་ཟ་རིམ་བཞིན། །
སྦོ་དང་འཕྲེད་འདྲེན་སུམ་ཆའི་སྟེང༌། །
གང་ཆགས་འོག་འཛུམ་མིག་ཤ་བཅས། །
སྨྱུག་ཁ་ཕྲ་མོས་མཛེས་པར་བསྐོར། །
ག་ང་ཇ་ད་པ་ཕ་བ། །
ཝ་ས་ཧ་དཔུང་མགོ་ནས་གསེག །
ཁ་ཨ་དཔུང་མགོ་དཀྱིལ་ནས་དྲང༌། །
ཅ་ཆ་ན་མ་ར་བཅས་ཀྱི། །
སྐེ་ནི་མགོ་དཀྱིལ་གཡས་ནས་གཞོལ། །
ཉ་ཞ་ཉག་སྐེ་མགོ་གཡོན་འཐེན། །
ཐ་དང་པ་སྡེ་ཝ་ཟ་ཡ། །
ལ་ས་ཨ་བཅས་གཡོན་ངོས་སུ། །
ཡར་འཕུལ་རྒྱ་ཁབ་བསླངས་འདྲ་བྱ། །
ཉ་ན་མ་ཞ་ར་བཅས་ལ། །
རྐེད་པ་གཞོལ་ཏེ་འབྲི་བར་བྱ། །
ས་ཨ་མགོ་སྐེ་འཕྲད་མཚམས་ནས། །
གཞུང་འཕྲེད་གཡོན་དུ་བསེགས་ཤིང་འཐེན། །
ཉ་ཐ་ཝ་ཞ་འ་ལ་དྲུག །
ཕུབ་དང་ཕུབ་ལག་ནང་ཟླུམ་བྱ། །
འ་ཡ་ལ་ཤ་ས་ཧ་བཅས། །
ལེ་གུ་ར་བཏགས་དབྱིབས་འདྲ་འབྲི། །
༈ ཀ་མགོ་དཀྱིལ་ནས་མཆེ་ལག་དྲང༌། །
ཁ་སོག་གཡོན་ཟུར་ཟག་མཆུ་འདོན། །
ག་ལག་ཉིས་ཆར་བསེགས་ཤིང་འཐེན། །
ཅ་ཡི་སྐེ་མཆུ་གཡོན་ངོས་སུ། །
བྱ་མཆུ་ལྟར་དཔྱངས་རྐེད་པ་ཟླུམ། །
ཇ་ཡི་དཀྱིལ་ལག་མཐའ་གཉིས་ལས། །
ཐུང་ཞིང་དཀར་ཆ་མཉམ་པར་བྱ། །
ཉ་ཡི་ཕུབ་ཟླུམ་ཉག་སྐེ་བསེགས། །
ལུས་ཞེང་ཉིས་ཆ་དབུས་ལག་དཀྱིལ། །
ཏ་དཔུང་གཡོན་བསེགས་ཐུར་རྩེ་འདོན། །
ཁོག་འདྲེན་དྲང་ཟླུམ་ཉིས་ཆ་ནས། །
ཐ་ཡི་ཕུབ་ལག་ཟླུམ་ཞིང་སྦོམ། །
རྐེད་ཐེམ་གཡས་སུ་གསེག་ཅིང་གཞོལ། །
ད་ཡི་སྦོ་ནི་ཉིས་ཆ་ནས། །
རྐང་པར་སྦྲེལ་ཏེ་ཇེ་ཕྲར་གཞོལ། །
ན་ལུས་དཀྱིལ་དང་རྐེད་ཟླུམ་འཐེན། །
ཕ་ནི་ཡར་འཕུལ་གཅིག་ཆ་ནས། །
འཕྲེད་ཆོད་སྦོ་ཡི་ཕྱེད་སར་འབེབས། །
ཙ་སྡེར་མགོ་གཡས་སུམ་ཆ་ན། །
ཕོད་ནི་རུ་དར་སྒྲེང་སྒྲེང་བྱེད། །
ཝ་ཆ་གཅིག་ལྷག་གཡས་ཕུབ་སྦྱར། །
ཕུབ་མཉམ་དཔུང་པ་དྲང་པོར་འཐེན། །
དེ་མན་བ་དང་དབྱིབས་འདྲར་བཤད། །
ཞ་ཡི་ཕུབ་ལག་ཉག་སྐེ་བཅས། །
ཟླུམ་པ་མ་གཏོགས་ན་དང་ཉེ། །
ཟ་ཡི་དཀྱིལ་ལག་མཐའ་ལས་ཐུང༌། །
འ་མགོ་གཡོན་གསེག་ཕོ་བ་ཟླུམ། །
ལེ་གུ་ཆ་དོ་ཟགས་མཆུ་འདོན། །
ཡ་ནི་ཚག་འབྲེལ་ཕུབ་སྣེ་བསྐོར། །
དབུས་ལག་ཕུབ་མཚམས་ལེ་གུ་འཐེན། །
དཀར་ཆ་ཕྱི་མས་ཅུང་ཙམ་ཆེ། །
ར་ཡི་སྦོ་རྐེད་ཉིས་ཆར་འབྲི། །
ལ་མགོ་གཡོན་གསེག་རྒྱབ་ཟླུམ་དང༌། །
ལེ་གུ་ཟགས་མཆུ་རིང་བ་ལ། །
ཡར་འཕུལ་མ་གཏོགས་འ་དང་མཚུངས། །
ཤ་ཡི་མིག་ཤས་ཆ་བཞི་གང༌། །
ལེ་གུ་ཡར་དྲང་མགོ་ལ་སྦྲེལ། །
ས་ཡི་ལེ་གུ་ཉིས་ཆར་འཐེན། །
ཧ་མགོ་གཡས་ལ་དཔུང་ཐུང་འབྱིན། །
ལེ་གུར་སྨད་འཕུལ་ཟླུམ་སྐྱེན་འདོགས། །
ཧ་གཟུགས་རྒན་པོ་འཛུམ་པ་འདྲ། །
ཨ་ཐུ་ཡ་དང་ཅུང་ཟད་མཚུངས། །
གུག་མགོ་ཟླུམ་འདྲིལ་ཆ་བཞིར་གང༌། །
མཇུག་མ་རིམ་ཕྲ་མཉེན་ལ་འཁྱུག །
རྐྱེད་ལས་འགྲེང་བུ་ཆ་དྲུག་ལ། །
སྨྱུག་ཁ་བསེགས་ཀྱིས་གཞོལ་བར་བྱ། །
ན་རོ་བྱ་རྒོད་འཕུར་འདྲ་སྟེ། །
འགྲེང་བུར་གཤོག་གཡས་བཏགས་པའོ། །
ཡ་བཏགས་གོང་ཐིག་ཟླུམ་ཕྲར་སྐྱིལ། །
འོག་རྐེད་སྦོམ་རྩེ་གྱེན་དུ་འདྲེན། །
ཀ་གར་བསྐྱིལ་ཡ་པ་སྡེ་ལ། །
ཕྱང་ཡ་ཁ་ལ་སྐྱིལ་མ་ཕྱང༌། །
ར་བཏགས་ར་ཡི་སྦོ་ཉིད་འབྲི། །
རྐང་མེད་རྣམས་ལ་ཡར་འཕུལ་བཏགས། །
ལ་བཏགས་ཡིག་གཟུགས་རང་སོར་གནས། །
ཝ་བཏགས་ཟུར་གསུམ་བྲ་བོའི་དབྱིབས། །
ར་མགོ་མིང་གཞི་ཡི་གེ་ལ། །
ར་ཡི་མགོ་སྐེ་བཏགས་པ་སྟེ། །
ཉ་ལ་ར་ལུས་གསོན་པོར་སྦྱིན། །
ས་ལ་མགོ་ཅན་གཟུགས་མི་འགྱུར། །
མགོ་དང་མིང་གཞི་མཉམ་པར་བཤད། །
འོན་ཀྱང་མགོ་ཅན་ཆུང་ཙམ་མཛེས། །
དབུ་ཁྱུད་ཞབས་ཀྱུ་ཉིས་གཤིབས་ལ། །
ཞབས་གདན་རེ་ཡང་བཏིང་བ་འདྲ། །
ཤད་ནི་རྒྱ་ཁབ་བསླངས་པ་བཞིན། །
ཚག་ནི་གཏོར་མ་དྲུག་ཅུ་མ། །
རིན་ཆེན་སྤུངས་པའི་ཤད་ཅེས་པ། །
ཚག་གསུམ་འཛེར་མགོར་བཞག་པ་བཞིན། །
སྦྲུལ་ཤད་སྦྲུལ་ལྟར་འཁྱིལ་ཟེར་ཡང༌། །
དོན་དུ་ཤད་ལ་ན་རོ་གཉིས། །
བདུན་པའི་གཟུགས་བཅས་བརྩེགས་པ་འདྲ། །
༈ ཡིག་གཟུགས་སྦྱོང་ཚུལ་བྱིས་པ་བསྐྱེད་བསྲིང་ལྟར། །
ལངས་དང་འགྲོ་དང་རྒྱུག་ཚུལ་རིམ་བཞིན་བསླབ། །
རང་མོས་མ་དཔེ་གང་ཞིག་བསྟེན་པར་གཅེས། །
བསྟེན་ནས་རྟག་གུས་བརྩོན་པས་འབད་དེ་སྦྱོངས། །
དེ་ཡང་མ་དཔེར་བལྟས་ནས་སྦྱོང་བ་དང༌། །
གཟུར་ནས་སྦྱོང་དང་བློ་ལ་སྦྱོང་བ་བཅས། །
རིམ་པ་གསུམ་གྱིས་ལག་རྩལ་མཁས་པར་སློབས། །
ཡིག་མཁན་མཆོག་གི་གོ་འཕང་འཐོབ་འདོད་ན། །
ཁེར་རེ་ཞེས་པ་ལུགས་གཅིག་གནད་དུ་བསྣུན། །
དེ་ལ་བྱང་ཚེ་ལུགས་མང་བསྡུར་ཏེ་སྦྱང༌། །
སྙིང་བཅུད་བསྡུས་ཏེ་རང་རྐྱ་ཕེར་བ་བཅས། །
ཁེར་མང་ཕེར་བའི་སྐས་ཐེམ་སྤོ་བ་གཅེས། །
ཆ་ཚད་སྙོམས་དང་མཛེས་ཉམས་ཐོན་པ་ན། །
རང་གཞན་མིག་ཡིད་རྨ་བྱའི་སྒྲོ་མདོངས་རྒྱས། །
མཁས་མང་དབུས་ན་རིན་ཆེན་གསེར་བཞིན་བྲིན། །
དེའི་ཕྱིར་བློ་ལྡན་ཚུལ་འདིར་འཇུག་པར་རིགས། །
བྲི་གཞི་བྲི་བྱ་རྐྱེན་ཡིག་ཚིག་ཕྲེང་དང༌། །
ཡིག་སྣ་སྨྱུག་འགྲོས་ཤ་རུས་རྒྱས་པ་ལ། །
དག་སྙོམས་མཛེས་གསུམ་རྒྱན་དུ་སྤྲས་པ་ཡིས། །
ལྟ་བས་མི་ངོམས་སྟེར་ན་སྒྱུ་རྩལ་ཟེར། །
སྨྱུག་འགྲོས་ཐིག་རིས་ཡི་གེའི་སྦྱོར་བ་དང༌། །
དཀར་ནག་ཆ་ཚད་བརྩེགས་འདོགས་བཀོད་པ་ལ། །
ཀུན་རྟོག་བློ་ཡིས་གསོན་སྙིང་སྟེར་བ་ན། །
ཡིག་གཟུགས་སྒྱུ་རྩལ་རོ་མྱོང་ཁྱད་དུ་འཕགས། །
ཐིག་རིས་དྲང་དང་གསེག་དང་འཁྱོག་པ་སོགས། །
སྨྱུག་འགྲོས་རིང་ཐུང་ཁུག་པ་ཆེ་ཆུང་དང༌། །
འབྲེལ་བ་དམ་ལྷོད་བར་མཚམས་ཡངས་དོག་སོགས། །
བརྟེན་པ་ཐིག་རིས་ཡི་གེའི་གཟུགས་ཀྱི་ཉམས། །
བྲི་གཞི་ངོས་གཙང་ཕྱོགས་མཐའ་ཆེ་ཆུང་དང༌། །
མགོ་མཇུག་གཞུང་གསུམ་འཚམ་པའི་རྟེན་ལ་ནི། །
ཡི་གེ་ཁ་གསལ་བརྗོད་བྱས་ཕྱུག་པ་སོགས། །
སྤྱི་ཁོག་འབུབས་ཚུལ་ཉམས་ལའང་དཔྱད་པ་གཅེས། །
དངོས་དང་བརྒྱུད་པའི་དཔལ་ལྡན་བླ་མ་ལྷ་ཚོགས་མཐུས། །
ཤེས་བྱར་འཇུག་པའི་བློ་མིག་ཅུང་ཟད་ཐོབ་གྱུར་ཅིང༌། །
ཁ་གསལ་དོན་ལྡན་བདེ་བླག་འཇུག་ཕྱིར་འབད་པའི་དགེས། །
རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པའི་རྒྱུར་གྱུར་ཅིག །
དེ་ལྟར་བོད་ཀྱི་ཡིག་གཟུགས་ཀྱི་རྣམ་གཞག་སྒྱུ་རྩལ་གསལ་བྱེད། ཅེས་པ་འདི་ནི། ཕྱི་ལོ་ ༢༠༠༥།༤།༤ དང་ ༥།༢༧ དང་ ༦།༢༥ ༢༦ བཅས་ལ་སེར་ཏྲེ་མཁར་སྒང་བསོད་ནམས་དབང་ལྡན་གྱིས་༼བོད་ཡིག་འབྲི་ཚུལ་མཐོང་བ་ཀུན་སྨོན།༽སོགས་ལ་རྟོག་ཞིབ་ཅུང་ཟད་དང་འབྲེལ་འབད་པས་གྲུབ་པར་བགྱིས་སོ།། །།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།