ད་བར་བོད་ལ་མང་གཙོ་ཚད་ལྡན་ཞིག་བྱུང་ཡོད་དམ་མེད།

29july20091༸གོང་ས་ཐམས་ཅད་མཁྱེན་པ་མཆོག་གིས་ཕྱི་ལོ་ ༡༩༦༠ ལོར་མང་གཙོའི་གཞུང་ཞིག་བོད་མི་མང་རྣམས་ལ་མར་ཆེད་དུ་བསྩལ་གནང་བཀའ་དྲིན་ཆེ་བ་འདི་ནི་སྟོང་གསུམ་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་འབུལ་ཡང་གཞལ་དུ་མེད་པ་ཞིག་ཡིན།

དེའང་འཛམ་བུ་གླིང་པའི་རྒྱལ་ཁབ་གཞན་གྱིས་ནི་མི་མང་ཁྲི་ཚོ་མང་པོས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཕངས་མེད་དུ་བཏང་ནས་ཁྲག་དྲི་བྲོ་བའི་ལོ་རྒྱུས་ཀྱི་རི་མོ་བྲིས་ཏེ་མང་གཙོའི་གཞུང་བཙུགས་པའི་བྱུང་བ་ཤ་སྟག་ཡིན་པ་ལ། རང་རེས་ནི་དཀའ་སྡུག་གཏན་ནས་མ་མྱངས་པར། འདི་ཕྱིའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ་འཕགས་མཆོག་སྤྱན་རས་གཟིགས་དབང་ཁོང་གིས་ཐུགས་བརྩེ་བ་ཆེན་པོས་མར་གསོལ་རས་སུ་གནང་བ་ཞིག་ཡིན་པས། ལོ་རྒྱུས་ནང་གི་བྱུང་བ་ཤིན་ཏུ་གལ་ཆེན་ཞིག་ཡིན། འོན་ཀྱང་མི་མང་པོས་སྐབས་དེ་དུས་ནས་བཟུང་ད་བར་བོད་ལ་མང་གཙོ་མཚན་ཉིད་ཚང་བ་ཞིག་བྱུང་ཨེ་ཡོད་སྙམ་པའི་དོགས་པ་དང་དྲི་བ་ཐེངས་མང་བཏོན་མྱོང། ཁ་ཤས་ཀྱིས་བློ་ཁོག་ཆེན་པོས་ཚད་ལྡན་བྱུང་མེད་པར་སྨྲས་ལ། འགའ་ཤས་ཀྱིས་ཚད་ལྡན་བྱུང་ཞེས་བཤད་ཀྱང་དོན་གྱིས་ཇི་ལྟར་བྱུང་ཚུལ་མ་ཤེས་པའང་ཡོད།

ངས་བསམ་ན། མང་གཙོའི་གོ་དོན་མཐར་ཐུག་ནི། མི་མང་གི་མངོན་འདོད་དང་མཐུན་པའི་དབུ་ཁྲིད་ཅིག་གིས་རྒྱལ་ཁབ་བམ་གཞུང་གང་ཞིག་འཛིན་སྐྱོང་བྱེད་པའི་སྒོ་ནས་མི་མང་ལ་དོན་དམ་པའི་ཞི་བདེ་བག་ཕེབས་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་བ་དང་། གཞི་རྩའི་ཐོབ་ཐང་དང་ལས་འགན་རྣམས་འཐུས་ཤོར་མེད་པར་སྒྲུབ་པ་དང་། མི་མང་གི་སྐུ་ཚབ་བམ་འཐུས་མི་རྣམས་མི་མང་གིས་བསྐོས་པ་ཞིག་ལ་མང་གཙོ་ཟེར་བ་ནི་རགས་རིམ་ཙམ་གྱི་གོ་བ་ཡིན། ལར་ནས་མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་གཞུང་ཟེར་བ་མང་གཙོའི་གོ་དོན་དུ་འཇོག་པར་བྱེད་པའང་ཡོད་པས། སྐབས་དེ་དུས་ནས་བཟུང་བོད་ལ་མང་གཙོ་ཚད་ལྡན་ཞིག་བྱུང་ཡོད།

འོ་ན་དེ་དུས་༸གོང་ས་མཆོག་བོད་མི་མང་གིས་འོས་འདེམས་བྱས་ནས་བདམས་པའི་དབུ་ཁྲིད་རེད་དམ་ཟེར་ན། དངོས་སུ་འོས་ཤོག་མ་འཕངས་ཀྱང་། དོན་གྱིས་བོད་མི་ཡོངས་རྫོགས་ཀྱིས་ལུས་ངག་ཡིད་གསུམ་གྱི་བརྒྱ་ཆ་ཡོད་ཚད་ཁོང་ལ་བློ་གཏད་བཅོལ་ནས་གྲུབ་པའི་ཁྲིམས་མཐུན་གྱི་དབུ་ཁྲིད་ཡང་དག་པ་ཞིག་ཡིན་སྟབས། མང་གཙོ་ཚད་ལྡན་ཞིག་གི་དབུ་ཁྲིད་ལོས་ཡིན།

འོ་ན་ ༢༠༠༡ ལོར་མི་མང་གིས་ཐད་ཀར་བཀའ་བློན་ཁྲི་པ་འོས་འདེམས་བྱས་ནས་བདམས་པའི་ཚེ་༸གོང་ས་མཆོག་གིས་རྒྱུན་དུ་གསུངས་པ་ལྟར་ཁོང་ནི་ཕྱེད་བགྲེས་ཡོལ་ལྟ་བུ་ཆགས་པས། དེ་དུས་ཡང་དག་པའི་དབུ་ཁྲིད་ཅིག་མ་རེད་དམ་ཞེ་ན། དེའང་མང་གཙོའི་ལམ་ལུགས་ལ་གཉིས་ཡོད་པའི་ནང་གི་སྲིད་བློན་ལམ་ལུགས་ཀྱི་མང་གཙོ་ཚད་ལྡན་ཞིག་ཡིན་ཏེ། དེའི་ཚེ། བཀའ་བློན་ཁྲི་པ་མི་མང་གིས་དངོས་སུ་འོས་འདེམས་ཀྱིས་བདམས་ཀྱང་། དེའི་གོང་དུ་དོན་གྱི་བདག་པོ་༸གོང་ས་མཆོག་ནི་སྲིད་འཛིན་གྱི་གོ་གནས་བཞེས་པ་ལྟ་བུར་བཞུགས་པའི་ཕྱིར་རོ། །

འོ་ན་ད་ཆར་༸གོང་ས་མཆོག་གིས་ཡོངས་རྫོགས་བགྲེས་ཡོལ་གནང་སྟབས་སྲིད་འཛིན་གྱི་གོ་གནས་ལྟ་བུ་དེའང་མེད་པར་ཆགས་ཟིན་ཅིང་། མང་གཙོ་ཚད་ལྡན་སྔར་ནས་ཡོད་ན། སྐབས་འདིར་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་གང་བྱུང་བར་ངོས་འཛིན་དགོས་སྙམ་ན། རེད། དེ་ནི་སྔར་མང་གཙོ་ཚད་ལྡན་མེད་པ་ལས་ཡོད་པར་གྱུར་པ་མིན་པར། སྔར་ཡོད་ཀྱི་མང་གཙོ་མཚན་ཉིད་ཚང་བ་དེ་ཉིད། ལམ་ལུགས་གཉིས་ཡོད་པའི་སྲིད་བློན་ལམ་ལུགས་ལས་སྲིད་འཛིན་ལམ་ལུགས་ཀྱི་མང་གཙོའི་ངོ་བོར་བསྒྱུར་པ་ཞིག་རེད།

དེའི་ཕྱིར། འགའ་ཞིག་གིས་བཀའ་ཁྲིའི་གོང་དུ་སྲིད་འཛིན་ལྟ་བུ་ཞིག་དགོས་རབས་བཤད་པ་དེ་ནི་གནད་མི་ཤེས་པའི་བཤད་པ་ཞིག་རེད། འོན་ཀྱང་གོང་ས་མཆོག་གིས་སྐུ་དབང་རྣམས་བཀའ་ཁྲི་ལ་གནང་བ་བཅའ་ཁྲིམས་ཟིན་བྲིས་སུ་གསལ་བ་ལྟར། ད་ཆར་བཀའ་ཁྲི་ནི་ཆབ་སྲིད་ཀྱི་ཐོག་ནས་སྔར་གྱི་༸གོང་ས་མཆོག་གི་སྐུ་དབང་ལྟ་བུ་ཡོད་སྟབས། ཁོང་ནི་བཀའ་བློན་ཞིག་མིན་པར་གོང་ན་མེད་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ཡིན་པས། བཀའ་ཁྲིའི་མཚན་དེ་མི་བདེ་ཞིང་། ངེས་པར་དུ་སྲིད་སྐྱོང་ངམ་སྲིད་འཛིན་གྱི་མིང་བཏགས་དགོས་པར་སེམས་སོ། །

འོན་ཀྱང་རང་རེས་དབུ་མའི་ལམ་གྱི་སྲིད་ཇུས་འཛིན་པའི་དབང་གིས་གཞུང་དང་སྲིད་འཛིན་གྱི་ཐ་སྙད་བྱེད་མི་བདེ་བ་སོགས་ཡོད་མེད་ནི་ཞིབ་ཏུ་མི་ཤེས་མོད། ཕྱོགས་གཅིག་ནས་བསམ་ན། མངའ་སྡེའི་གཞུང་(The State Government, Karnataka Government) ཞེས་པ་ལྟ་བུའི་ཚིག་བརྗོད་ཀྱང་དབྱིན་བོད་གཉིས་ཀར་ཡོད་པས། མི་ཆོག་པ་མེད་པ་ཞིག་ཏུའང་སེམས་ཤིང་། ཚོགས་པའི་གཙོ་འཛིན་ནམ་འགན་འཛིན་(President of the Committee) ལའང་དབྱིན་ཡིག་གི་སྲིད་འཛིན་ཞེས་པའི་དོད་ཐོབ་(president) འདི་སྤྱོད་བཞིན་ཡོད་པས། བཙན་བྱོལ་བོད་གཞུང་ལའང་གཞུང་མིང་གི་ཐོབ་ཅིང་སྤྱོད་རུང་བར་སེམས་སོ། །དེ་ལྟར་ནའང་རྒྱལ་ཁབ་གཞུང་གི་གོ་དོན་ནི་སྲིད་ཇུས་དེ་ལྟར་ན་མེད་པས། ༸གོང་ས་མཆོག་གི་ཞལ་སྔ་ནས་ཀྱིས་Tibetan Government in Exile ཞེས་ཟེར་རྒྱུ་མེད་པའི་བཀའ་ནན་པོ་གནང་ཡོད་པ་རེད། འདི་དག་གི་སྐོར་ལ་དགོངས་ཚུལ་གང་མང་གསུང་བར་ཞུ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།