བོད་གཞུང་དགའ་ལྡན་ཕོ་བྲང་གི་རྗེས་སུ་ཇི་ལྟར་བྱ་དགོས།

ཀུན་གྱིས་མཁྱེན་གསལ་ལྟར་ཉེ་ཆར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་གིས་ཐུགས་ཐག་གཙང་བཅད་གནང་དོན་ལྟར། ད་ཆར་བོད་གཞུང་དགའ་ལྡན་ཕོ་བྲང་གི་དུས་སྐབས་གཟི་བརྗིད་འོད་སྟོང་འབར་བའི་ངང་ནས་མཇུག་ལེགས་པར་གྲུབ་ཟིན། དེའང་༸གོང་ས་མཆོག་གིས་དུས་གསུམ་གྱི་གནས་ཚུལ་རྣམས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཞིབ་གཟིགས་གནང་སྟེ། མི་ལོ་མང་པོའི་སྔོན་ནས་འགྱུར་བ་རིམ་བཏང་མཛད་པའི་བརྒྱུད་རིམ་ལ་ང་ཚོས་ཕྱིར་མིག་བལྟས་ན།

རྒྱལ་བའི་བཀའ་དགོངས་འདི་ནི། མི་ལོ་ ༥༠ ཡར་སྔོན་ནས་འཆར་གཞི་བཏིང་ཟིན་པ་ཞིག་སྟེ། ཐོག་མར་བཙན་བྱོལ་དུ་ཕེབས་ནས་རིང་པོར་མ་ལོན་པར། ༡༩༦༣ ལོར་བོད་མི་མང་ལ་མང་གཙོའི་གཞུང་ཞིག་ཆེད་དུ་མར་བསྩལ་གནང་བཀའ་དྲིན་ཆེ་བ་དང། དེ་བཞིན་བཅའ་ཁྲིམས་གསར་བཟོ། དེ་ནས་ ༡༩༩༦ ཡས་མས་ནས་མ་འདས་སྤྲུལ་སྐུའི་དགོངས་བཞེས། ༢༠༠༡ ལོར་མི་མང་ལ་ཐད་ཀར་བཀའ་ཁྲི་འོས་འདེམས་བྱེད་དུ་བཅུག་པ་དང་ཕྱེད་བགྲེལ་ཡོལ་མཛད་པ། ད་ཆར་ཡོངས་རྫོགས་བགྲེས་ཡོལ་གནང་བའི་བར་གྱི་བྱུང་བ་དེ་དག་ལ་མཛད་པ་རེ་རེ་བཞིན་ཡུན་རིང་དགོངས་བཞེས་བརྟག་དཔྱད་དང་འབྲེལ་བོད་མི་མང་གི་བསམ་བློའི་སྨིན་ཚད་དང་འཚམས་པར་སྒྱུར་བཅོས་རིམ་པར་བཏང་གནང་མཛད་ཡོད།

མདོར་ན་དེ་དག་ཐམས་ཅད་ཀྱིས་ཀྱང་དེ་སྔོན་རྒྱ་ནག་གུང་ཁྲན་གཞུང་གིས་འཁྱོག་བརྗོད་ཁོ་ན་བྱས་པ་དག་ལ་ཐད་ཀར་ལྗགས་ལན་གསལ་པོ་མཛད་པ་ཡིན་ཏེ། དཔེར་ན། བོད་མིའི་ས་ཡ་དྲུག་གི་གནད་དོན་མིན་པར་༸གོང་ས་མཆོག་གི་སྒེར་དོན་ཡིན་པར་བཤད་པ་དེ་ནི་ད་ཆར་ཡོངས་རྫོགས་བགྲེས་ཡོལ་གནང་སྟབས་རྒྱ་གཞུང་ལ་ཅིའང་བཤད་རྒྱུ་མེད་པར་ཆགས་ཟིན། གཞན་ཡང་ཁོ་ཚོས་སྐུ་ཕྲེང་བཅོ་ལྔ་པ་བཙན་བཟུང་གིས་བེད་སྤྱོད་ལོག་པར་བཏང་བའི་འཆར་གཞི་ཡོད་པ་ལ་དེའང་མ་འདས་སྤྲུལ་སྐུའི་དགོངས་ཚུལ་གསུངས་པའི་སྒོ་ནས་ལྗགས་ལན་གནང་བར་མ་ཟད། ད་ཆར་ལོ་བཅོ་ལྔ་ཙམ་སོང་རྗེས་གཞི་ནས་རང་རེ་རྣམས་ཀྱིས་ཤེས་གསལ་ལྟར་༸གོང་ས་མཆོག་གི་སྐབས་དེའི་དགོངས་གཞི་ནི་མ་འོངས་པར་ཆབ་སྲིད་ཀྱི་ཐུགས་འགན་གཏན་ནས་མི་བཞེས་པར་མང་གཙོ་ཚད་ལྡན་གྱི་ལམ་ནས་མི་མང་གིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པས་ཆབ་སྲིད་ཀྱི་འགན་ཁུར་རྒྱུར་དགོངས་ནས་མ་འདས་སྤྲུལ་སྐུའི་སྐོར་གསུངས་པ་ཞིག་རེད་སྙམ།

དེ་ལྟར་མི་ལོ་ལྔ་བཅུ་ལྷག་གི་སྔ་རོལ་ནས་དགོངས་བཞེད་གཏིང་ཟབ་གནང་ཟིན་ཅིང་། དགོངས་བཞེད་ཙམ་མིན་པར་ཤིན་ཏུ་ཐབས་ལ་མཁས་པའི་ཕྱག་ལས་རིམ་པ་བཞིན་གནང་སྟངས་དེ་དག་ལ་དཔག་ན་༸གོང་ས་མཆོག་གིས་སླར་ཡང་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་པ་ཐག་ཆོད་པ་ཡིན་ཡང་། རང་རེ་བོད་འབངས་སྤྱི་བོ་གནམ་བསྟན་ཀུན་གྱིས་སླར་ཡང་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཤིང་། ཚེ་རབས་རྗེས་འཛིན་འོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་ངེས་ཡིན་ཏེ། དེ་ལྟར་བྱེད་ན་སྐུ་ཚེ་བསྐལ་པ་བརྒྱ་དང་བཅུ་གསུམ་བཞུགས་པའི་རྟེན་འབྲེལ་གྱི་གནད་ཡོད་པར་མ་ཟད། མ་འོངས་པར་སྐུ་ཕྲེང་བཅོ་ལྔ་པ་སོགས་རིམ་ཕེབས་ཀྱིས་ཚེ་རབས་རྗེས་འཛིན་འོང་བ་དང་། ཁྱད་པར་དུའང་གུང་ཁྲན་གཞུང་གིས་མི་མང་ལ་འདོད་པ་མེད་བཞིན་དུ་ཏཱ་ལའི་བླ་མས་དབང་འཛིན་གནང་བ་རེད་ཟེར་བའི་འཁྱོག་བརྗོད་ལ་མི་མང་གི་ངོས་ནས་ལན་འདེབས་བྱེད་པ་ཞིག་ཡིན་པས་གནད་ཤིན་ཏུ་ཆེའོ། །དེ་ལྟར་མིན་པར་ཁ་ཁར་བསྡད་ན་ནི་དོན་གྱིས་རྒྱ་གཞུང་གི་འཁྱོག་བརྗོད་ལ་མོས་མཐུན་བྱེད་པ་ཞིག་རེད་དོ། །

འཕྲལ་མར་བྲིས་ཤིང་ཞུ་དག་བྱེད་ལོང་མ་བྱུང་བས་ནོར་བ་སོགས་ལ་བཟོད་པར་འཚལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།