རྣམ་ཐར་ཚིགས་བཅད་མ་ཞིག

༄༅། །མདོ་སྔགས་བསྟན་པའི་བདག་པོ་སེར་བྱེས་ཏྲེ་ཧོར་རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་སྐྱབས་རྗེ་རྡོ་རྗེ་འཆང་རྗེ་བཙུན་ཡེ་ཤེས་བསོད་ནམས་མཆོག་གི་མཛད་རྣམ་ཉུང་བསྡུས་ཚིགས་བཅད་མ་བཞུགས་སོ། །
སྐུ་གསུམ་གོ་འཕང་མངོན་དུ་མཛད་པ་ལས། །
གསུང་དབྱངས་དྲུག་ཅུའི་ལེགས་བཤད་རྒྱུན་འབེབས་ཤིང༌། །
ཐུགས་རྗེས་འགྲོ་བ་སྒྲོལ་ལ་ཁུར་བསྣམས་པའི། །
དཔལ་ལྡན་བླ་མ་ལུས་ཅན་གཙུག་ན་རྒྱལ། །
གྲངས་མེད་བསྐལ་པར་ཡེ་ཤེས་མེ་ཕུང་འབར་གྱུར་ཅིང༌། །
བསོད་ནམས་ཚོགས་ཆེན་ཆུ་གཏེར་འཕེལ་བའི་རྟེན་འབྲེལ་ལས། །
མཁྱེན་བརྩེའི་ཆ་ཤས་ཡོངས་སུ་རྫོགས་པའི་འོད་དཀར་ཅན། །
ལུས་ཅན་ཕན་བདེའི་གསོས་སྨན་འགྱུར་འདི་ཨེ་མ་རྨད། །
གསང་གསུམ་མཛད་བཟང་ཤིང་རྟ་ཆེ། །
དད་གསུམ་རྟ་ཕོས་དྲངས་པ་ཡིས། །
སྒོ་གསུམ་རིམ་གྱིས་བརླབས་པའི་འབྲས། །
སྐུ་གསུམ་རྒྱལ་ཐབས་ཟིན་པར་འགྱུར། །
བསམ་མི་ཁྱབ་པའི་བདེར་གཤེགས་སྒྱུ་འཕྲུལ་རབ་འབྱམས་ཞིང་དུ་འབྱམས་ཀླས་པ། །
མཐའ་ཡས་འགྲོ་བའི་མོས་ཁམས་རྒྱ་མཚོ་འདི་ཉིད་ཙམ་ཞེས་བསྙད་དུ་མེད། །
དེའི་ཕྱིར་བླ་མའི་རྣམ་པར་ཐར་པའང་ཐ་མའི་ཡིད་ཡུལ་ལས་འདས་པས། །
རྩྭ་རྩེའི་ཐིགས་པ་དཔེ་ཟླར་འོས་ཙམ་དྭང་བའི་སེམས་ཀྱིས་གྱི་ནར་བགྱི། །
ས་འཛིན་དཀར་པོའི་ཕྲེང་རིང་ལ། །
ནེའུ་གསིང་མཚོ་དང་རྫིང་བུ་ཡི། །
ཕྲ་རྒྱས་བཏབ་འདྲའི་གངས་ལྗོངས་ཀྱི། །
བྱེ་བྲག་བྲག་གཡབ་ཡུས་གཤིས་སུ། །
མགོན་ཁྱེད་ཐུགས་རྗེས་ཉེར་བསྐུལ་ནས། །
མགོན་མེད་མགོན་དུ་བལྟམས་པར་གྱུར། །
ཨེ་མ་སྐུ་སྐྱེ་ཕྲེང་བ་རུ། །
ལེགས་མཛད་རིན་ཆེན་དང་པོའི་གཟི། །
གཏེར་བཞིན་མི་མངོན་སྦས་མོད་ཀྱང༌། །
ཟེར་ཕྲེང་མཁའ་ལ་ལྡིང་བ་ནི། །
དངོས་པོའི་གཤིས་ཞེས་ཀུན་ལ་གྲགས། །
དེའི་ཕྱིར་སྔོན་སོང་འབྲས་རྟགས་ལས། །
སྐུ་ཡི་ཟླ་བ་ཚེས་པའི་མོད། །
ནག་ནོག་དྲི་མས་མ་གོས་པར། །
གསལ་རྫོགས་མིག་གི་དཔལ་དུ་གྱུར། །
འབྲི་ཀློག་སྒྱུ་མའི་ལྟད་མོ་ལ། །
མངོན་དགའི་ཡིད་ཀྱིས་ངང་མོ་ནི། །
རྫིང་དང་མཚོ་རུ་འཇུག་པ་བཞིན། །
སྤྲོ་བ་བརྟས་འདི་ཅི་འདྲ་ཞེས། །
རྒན་པོ་ཀུན་གྱི་མཆུ་རྩེ་འགུལ། །
དབུས་འགྱུར་ཆོས་ཀྱི་ཞིང་ས་ཆེར། །
ཆོས་སྡེ་སྐར་ཚོགས་འཚེར་བ་བཞིན། །
གཟི་མདངས་དཔལ་གྱིས་བཀུག་པའི་ཕྱིར། །
གོམ་སྟབས་བྲེལ་གྱིས་བསྒྱུར་བ་ན། །
སྨྲ་བའི་སེངྒེ་ང་ཙམ་ཞེས། །
ལུང་རིགས་བྱེ་བའི་རལ་གསིག་བཅས། །
ཐུབ་བསྟན་གངས་ལ་འགྱིངས་པ་ཡི། །
བླ་མའི་ཚོགས་རྣམས་མཇལ་བར་གྱུར། །
ཁྲི་ཆེན་ཡེ་ཤེས་དབང་ལྡན་ལས། །
རབ་བྱུང་དགེ་ཚུལ་དབྱིག་གི་ནོར། །
མཛེས་པའི་རྒྱན་དུ་བཞེས་པ་ན། །
ཡེ་ཤེས་བསོད་ནམས་ཞེས་སུ་གསོལ། །
ཕུར་ལྕོག་བྱམས་མགོན་ཞལ་སྔ་ནས། །
བསྙེན་རྫོགས་བསླབ་བྱར་བཅས་པ་ཡིས། །
ཐུགས་ཀྱི་བུམ་བཟང་གང་བར་བཞེས། །
སྡོམ་གསུམ་བཅས་མཚམས་མིག་འབྲས་བཞིན། །
སྙིང་གི་རྒྱན་དུ་འཛིན་པ་ན། །
དྲི་ཞིམ་སྤོས་ངད་འཐུལ་དང་ལྷན། །
ལེགས་བཤད་ཆ་ཤས་རེ་རེ་ཞིང༌། །
མངོན་འདོད་དད་པས་བསགས་དང་འབྲེལ། །
ཐོས་དོན་སྒོམ་པའི་ཟེར་ཕྲེང་རྒོད། །
དེའི་ཕྱིར་དྲི་མའི་རི་དྭགས་ཀྱང༌། །
ཆ་མེད་ཡལ་བའི་མཛེས་པ་ངོམ། །
ྋལྷ་གཅིག་ྋཕྱག་ན་པདྨོ་མཆོག །
ལྷ་ལྡན་རབ་འབྱམས་མཚན་སྙན་གྱི། །
ལྷ་ཡི་རྔ་ཆེན་བརྡུངས་པའི་ཚེ། །
ལྷ་རམས་གསུམ་པའི་སྙན་པ་བསྒྲགས། །
ཆོས་རྗེ་བྱམས་པ་མཁས་གྲུབ་པའི། །
ཞལ་བཀོད་ཕྱོགས་སྟོན་འཁོར་ལོའི་མདའ། །
དཔལ་ལྡན་སྨད་རྒྱུད་ཕྱོགས་སུ་ལྷུང༌། །
དེའི་ཕྱིར་དེ་ན་འཆད་ཉན་གྱིས། །
བླ་མའི་གདན་ས་དར་དགོན་དུ། །
ཞབས་བཅགས་ཨང་གསར་མཛད་འཆར་ཡང༌། །
སྤྱི་མཐུན་ལས་ཀྱི་གཉའ་ཤིང་གིས། །
མགོ་ནག་ལེབ་བརྡུངས་བྱས་པ་ལས། །
འཁོར་སློབ་འཕགས་པའི་ཡུལ་དུ་བྱོལ། །
མདོ་སྔགས་བཤད་སྒྲུབ་ཟུང་འབྲེལ་གྱིས། །
བྱེས་སུ་བསྟན་པའི་རྐང་འཛིན་ཅིང༌། །
ྋརྒྱལ་བའི་བཀའ་ཡི་ཅོད་པན་ནི། །
སྤྱི་བོར་ནམ་ཡང་བཅིངས་པས་ན། །
ཕྱི་ཡུལ་མུན་པའི་གླིང་ཆེན་དུ། །
དམ་ཆོས་སྒྲོན་མེ་སྦར་དང་ལྷན། །
བོད་གཞུང་དགའ་ལྡན་ཕོ་བྲང་གི །
གཞུང་འབྲེལ་ཐོག་མའི་དགོན་པ་ནི། །
རིས་མེད་རི་ཀོན་ཆོས་འཁོར་གླིང༌། །
ཕྱག་འདེབས་མཛད་པར་བསྐོ་བཞག་གིས། །
ལོ་བརྒྱད་དགོན་དེའི་མཁན་ཁྲིར་བཞུགས། །
ཕྱི་གླིང་ཡུལ་དུ་བོད་ཀྱི་དགོན། །
ཐོག་མར་གྱུར་པའི་རྟེན་འབྲེལ་ལས། །
ཆོས་མེད་མཐའ་འཁོབ་ཡུལ་དག་ལ། །
ྋརྒྱལ་མཆོག་མཐོང་བ་དོན་ལྡན་གྱི། །
མཛད་པའི་ཉི་གསར་དེ་ནས་འཆར། །
ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི། །
བསྙེན་ཆེན་སྦྱོར་དངོས་མཇུག་གསུམ་སོགས། །
ལས་རུང་བསྙེན་པའི་རྣམ་གྲངས་ཀྱང༌། །
བགྲང་ན་ཕལ་པའི་བློ་ལས་འགོངས། །
ྋགོང་སས་ཕྱག་རྟགས་སྩལ་པ་ལྟར། །
དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི །
བླ་མ་དབུ་མཛད་མཁན་པོ་ཡི། །
མཛད་འགན་རིམ་བཞིན་བཞེས་པ་ལས། །
ཅི་བྱས་བསྟན་འགྲོར་སྨན་པར་མཛད། །
གང་གི་གསང་གསུམ་དྲི་ཞིམ་ངད། །
ཕྱོགས་མཚམས་ཀུན་ཏུ་ཁྱབ་པ་ལས། །
དད་ལྡན་བུང་བའི་ཚོགས་རྣམས་ནི། །
ངང་གིས་འདུ་བ་དངོས་པོའི་གཤིས། །
བསྟན་པའི་རྩ་བ་སོ་ཐར་གྱི། །
དགེ་ཚུལ་དང་ནི་དགེ་སློང་གི །
བསླབ་སྡོམ་འབོགས་ཆོག་མཛད་པ་ན། །
སྡོམ་ལྡན་སེར་མོའི་སྡེ་ཚོགས་ཀྱིས། །
ས་ཆེན་བཀང་ཞེས་གྲགས་པའི་ཚེ། །
བསྟན་འཛིན་ཆེན་པོ་གཞན་རྣམས་ཀྱིས། །
ཁྱེད་ཀྱི་མཛད་རྗེས་འདི་འདྲ་ན། །
ངེད་རྣམས་བྲེལ་བས་ཅི་བྱ་ཞེས། །
སྒྱིད་ལུག་རྣམ་ཐར་འཛིན་སྙམ་བྱེད། །
ྋགོང་ས་ལྷ་མིའི་རྣམ་འདྲེན་མཆོག །
སྔ་ཕྱིར་དགྱེས་བརྩེའི་བཀའ་མཆིད་དང༌། །
ཁྱད་པར་གང་གི་གཟིམ་ཆུང་དུ། །
ཞབས་པད་འདབ་སྟོང་ཐེངས་གཉིས་བཀོད། །
བླ་སློབ་དམ་གཙང་འོ་མའི་མཚོ། །
གྱེན་དུ་འཕྱུར་བའི་ངང་ཚུལ་ལ། །
བློ་ལྡན་རི་དྭགས་ཚོགས་ཀུན་ཀྱང༌། །
འདི་ཀོ་ཅི་ཞེས་ཡ་མཚན་འཛིན། །
སྔ་ཕྱིར་མི་རྟག་དྲན་སྐུལ་གྱི། །
སྐུ་དང་གསུང་གི་རྣམ་འགྱུར་ནི། །
ལོ་འདིར་ཡང་ཡང་བསྟན་མཛད་ནས། །
གོ་གསུམ་བཞེས་པ་མེ་ཕག་གི །
དབྱུ་གུའི་གནམ་གང་ཕྱི་དྲོའི་ཆར། །
ནམ་མཁའ་ལྟ་བུའི་མཉམ་གཞག་གི །
ཏིང་འཛིན་མངོན་དུ་མཛད་ཅིང་གནས། །
ལྡང་ནས་ྋརྒྱལ་བའི་སྐུ་པར་ལ། །
སྤྱན་གཟིགས་མཛད་མཐར་རིམ་བཞིན་ཟུམ། །
དེའི་རྟིང་འོད་གསལ་ཆོས་སྐུ་དང༌། །
བསྲེས་ནས་མཉམ་པར་འཇོག་བཞིན་བཞུགས། །
དེའི་ཚེ་བུ་སློབ་སྐར་ཚོགས་ཀྱིས། །
དད་པས་གདུང་འབོད་དྲག་པོའི་ཚུལ། །
གསུང་རབ་དག་སྒྲོག་སྒྲ་སྙན་གྱིས། །
ས་ཆེན་ལྡིར་ནས་ཉིན་ཞག་སྦྲེལ། །
བཤེས་གཉེན་རྡོ་རྗེ་འཛིན་པ་རྣམས། །
རྣམ་དག་དབང་བཞིས་རྒྱུད་སྦྱོང་སོགས། །
བདག་ཉིད་འཇུག་པ་ལན་མང་བྱས། །
གཞན་ཡང་མཆོད་མེའི་འོད་ཞགས་ཀྱིས། །
ཟླ་ཉིའི་འོད་ཀྱང་སྒྲིབ་སྙམ་བྱེད། །
ཀྱེ་མ་མཛད་པ་འདིས་ཀྱང་ནི། །
གདུལ་བྱའི་འདོད་དོན་འབྲས་ལྡན་མཛད། །
མདོར་ན་བུ་སློབ་སྦྲང་མའི་ཚོགས་ཀྱིས་རྩེ་གཅིག་དད་པས་གསོལ་འདེབས་ན། །
མགོན་ཁྱེད་གཞན་དུ་གཡེང་བའི་སྐབས་བྲལ་ཏེ་པོར་མི་འབྱོན་རང་དབང་ཅི། །
བདག་སོགས་འགྲོ་བས་སྒོ་གསུམ་ལེགས་བྱས་གངས་དཀར་མདངས་ཀྱིས་སྐྱབས་མཆོག་ཁྱེད།།
དགྱེས་པར་བྱས་ནས་བྱང་ཆུབ་བར་དུ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །
ཅེས་དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་སེར་བྱེས་ཏྲེ་ཧོར་རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་སྐྱབས་རྗེ་རྡོ་རྗེ་འཆང་དོན་གྱི་སླད་དུ་མཚན་ནས་སྨྲོས་ཏེ་རྗེ་བཙུན་ཡེ་ཤེས་བསོད་ནམས་དཔལ་བཟང་པོ་མཆོག་རེ་ཞིག་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་མཛད་པ་ན། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་དཔལ་ལྡན་བླ་མ་སེར་བྱེས་ཏྲེ་ཧོར་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་དཔལ་ལྡན་དཔལ་བཟང་པོ་མཆོག་གི་བཀའ་འབྲེལ་གྱིས་དགོངས་རྫོགས་མཆོད་འབུལ་དུ་༼ལམ་རིམ་བདུད་རྩི་སྙིང་པོ་༽པར་སྐྲུན་ཞུ་དག་དང་འབྲེལ་མགོན་པོ་གང་གི་མཛད་རྣམ་སྙིང་བསྡུས་གྱིས་ཤིག་པའི་བཀའ་བཟང་དྭང་བླང་ཞུས་ཏེ་ཐ་ཤལ་བ་ཕྲན་ཏྲེ་ཧོར་བསོད་ནམས་དབང་ལྡན་གྱིས་སུག་ལས་བགྱིས་པའོ།། །།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།