ཤིང་རྟའི་སྲོལ་འབྱེད།

༄༅། །རྟེན་འབྱུང་སྟོང་པ་ཟབ་མོའི་སྒྲ་སྒྲོག་པ། །
སྨྲ་བ་ཟླ་མེད་དེ་སྲས་ཐུ་བོ་དང༌། །
ཤིང་རྟ་ཆེན་པོ་སྲོལ་འཛིན་བརྒྱུད་པར་བཅས། །
དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ནས། །
ཤིང་རྟ་ཆེན་པོའི་ངོ་བོ་གྲངས་ངེས་དང༌། །
ཤེར་མདོའི་དགོངས་འགྲེལ་ཤིང་རྟའི་སྲོལ་འབྱེད་གཉིས། །
གང་གིས་འབྱེད་བྱེད་ལ་སོགས་བདེ་བླག་ཏུ། །
གོ་བྱེད་ངག་གི་ཕྲེང་བ་ཅུང་ཞིག་སྤེལ། །
བདེ་གཤེགས་གསུང་རབ་ཚུལ་གཉིས་ཤིང་རྟའི་སྲོལ། །ཞེས་པའི་ཚུལ་གྱི་སྒྲ་དེ་བཤད་ཚུལ་ལ་བྱས་པ་ཡང་སྙིང་དུ་བཀག་ནས། ལམ་སྲོལ་དུ་བྱས་པར་གསུངས་ཀྱང༌། དེ་ལྟར་ན། ལམ་སྲོལ་གཉིས་ཀྱི་ལམ་སྲོལ་ཞེས་པར་འགྱུར་བས་སྔ་མ་ཉིད་བཟང་བར་མངོན་ནོ། །
ལེགས་སྙིང་ལས། དེ་ཡང་ངེས་དོན་གྱི་གསུང་རབ་ཀྱི་དོན་གཞན་དུ་འདྲེན་པ་ལ་གནོད་བྱེད། ཅེས་སོགས་ཀྱི་དོན་ནི། ཐལ་འགྱུར་བ་སོགས་གྲུབ་མཐའ་གང་གི་ལུགས་ལའང༌། ཀླུ་སྒྲུབ་དང་ཐོགས་མེད་གཉིས་དབུ་སེམས་སོ་སོའི་ཤིང་རྟའི་སྲོལ་འབྱེད་ཡིན་ཞིང༌། ཐལ་ལུགས་ལ་འཕགས་པ་ཐོགས་མེད་ཀྱིས་སེམས་ཙམ་པའི་འདོད་པ་ལྟར་གྱི་ངེས་དོན་གྱི་མདོའི་དོན་གཞན་དུ་འདྲེན་པ་ལ་གནོད་བྱེད་བསྟན་པའི་སྒོ་ནས་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེ། དེ་བཞིན་དུ་སེམས་ཙམ་སོགས་ཀྱི་ལུགས་གཞིར་བཞག་བྱས་ཚེའང་མགོན་པོ་ཀླུ་སྒྲུབ་ཀྱིས། དབུ་མ་པའི་འདོད་པ་ལྟར་གྱི་ངེས་དོན་གྱི་མདོའི་དོན་གཞན་དུ་འདྲེན་པ་ལ་གནོད་བྱེད་བསྟན་པའི་སྒོ་ནས། ཞེས་སོགས་སྦྱོར་ཏེ། དེ་ནི་སྐབས་འདིའི་དོན་ཡིན་གྱི། ཐལ་ལུགས་ལ་ཐོགས་མེད་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་མིན་ཏེ། ངེས་དོན་གྱི་མདོའི་དོན་གཞན་དུ་འདྲེན་པ་ལ་གནོད་བྱེད་མ་བསྟན་པའི་ཕྱིར། ཁྱབ་སྟེ། དྲང་ངེས་རྣམ་འབྱེད་ལས། དེའི་ཕྱིར་གསུང་རབ་ཀྱི་དྲང་ངེས་འབྱེད་པར། ཞེས་སོགས་གསུངས་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། དེའི་དོན་ནི་གོང་བཤད་ལྟར་རོ། །
འཇུག་ངོགས་༣༠ལས། ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཉིད་ལྟར་ན། ཐལ་ལུགས་གཞིར་བྱས་ཚེ། ཀླུ་སྒྲུབ་ཁོ་ན་དེར་འགྱུར་ཏེ། འཕགས་པ་ཐོགས་མེད་ཀྱིས་ངེས་དོན་གཞན་དུ་འདྲེན་པ་ལ་གནོད་བྱེད་དང༌། དྲང་དུ་མི་རུང་བར་ངེས་དོན་དུ་སྒྲུབ་པའི་སྒོས་ཤིང་རྟའི་སྲོལ་མ་ཕྱེ་བའི་ཕྱིར་ཏེ། དེ་ལྟར་བསྒྲུབ་རྒྱུ་གང་ཡིན་པ་ནི་སེམས་ཙམ་པའི་འདོད་པ་ལྟར་ཡིན་པས། དེ་ནི་ངེས་དོན་མིན་པས་སོ། །
༣༢ སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཉིད་ལའང་བརྟག་སྟེ། སྟོན་པ་སངས་རྒྱས་མཚན་ཉིད་དེར་འགྱུར་བས་སོ། །དེས་ན་རྒྱལ་བ་མྱ་ངན་ལས་འདས་འོག་ཏུ་ཞེས་པ་བསྣན་ན་མི་བཟང་ངམ།
རང་ལུགས་ནི། ཤེར་ཕྱིན་གྱི་མདོའི་དགོངས་འགྲེལ་དུ་གྱུར་པའི་ཤིང་རྟའི་སྲོལ་འབྱེད་དང༌། ཤིང་རྟའི་སྲོལ་འབྱེད་གཉིས་ནི་སོ་སོ་བ་ཡིན་པར་མ་ཟད། དེ་གཉིས་གང་ལ་ལྟོས་ནས་འཇོག་པའི་གཞིའང་གཏན་ནས་མི་གཅིག་སྟེ། འདི་ལྟར་ཤིང་རྟའི་སྲོལ་འབྱེད་ནི་ཤེར་ཕྱིན་གྱི་མདོའི་ཟབ་མོའི་ལམ་གྱི་རིམ་པ་ཉིད་དབུ་སེམས་སོ་སོའི་ལུགས་སུ་བཀྲལ་ཚུལ་དང༌། ཤེར་མདོའི་དགོངས་འགྲེལ་གྱི་དེ་ནི་དབུ་མ་པའི་ལུགས་གཞིར་བཞག་གིས་ཤེར་མདོའི་ཟབ་རྒྱས་ཀྱི་ལམ་རིམ་གཉིས་སོ་སོར་འགྲེལ་ཚུལ་ལ་བྱ་དགོས་པའི་ཕྱིར། གནད་འདི་ཤེས་ན་འདི་དང་འབྲེལ་བའི་དཀའ་གནད་དུ་བརྩི་བའི་དོགས་པ་མང་པོ་ཞིག་རང་ཞིག་ཏུ་འགྲོའོ། །
དེའང་སངས་རྒྱས་བཅོམ་ལྡན་འདས་ཞེས་སྙན་པའི་བ་དན་དཀར་པོ་ས་གསུམ་ན་ཆེས་ཆེར་གཡོ་བ་དེ་ཉིད་ཀྱིས་ཆོས་འཁོར་རིམ་པ་གསུམ་ལ་སོགས་བསྐོར་ནས་གདུལ་བྱའི་དོན་དཔག་མེད་མཛད་དེ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་རྗེས་སུ་འཛམ་བུའི་གླིང་དུ་ཐེག་ཆེན་གྱི་ཆེས་ཉམས་པ་དཔེར་ན་ཉན་ཐོས་སྡེ་པ་སྟོང་ཕྲག་ཙམ་གྱི་གསེབ་ན་ཐེག་ཆེན་པ་རྣམ་རིག་པའི་ལུགས་ལྟར་འཛིན་པ་རེ་ཟུང་ཙམ་ལས་མེད་པར་གྱུར་པའི་ཚེ་རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་པའི་ཤིང་རྟའི་སྲོལ་ཕྱེ་ཞིང༌། སྲོལ་འབྱེད་བྱེད་ཀྱི་བསྟན་བཅོས་ཀྱང་རིགས་ཚོགས་དྲུག་མཛད་པ་དང༌། དེའི་ཁུངས་བསྟན་པ་ལ་མདོ་ཀུན་ལས་བཏུས་པ་མཛད་དོ།།
དེ་ནས་འཕགས་པ་ཐོགས་མེད་ཀྱིས་རྣམ་རིག་པའི་ཤིང་རྟའི་སྲོལ་ཕྱེ་ཞིང༌། སྲོལ་འབྱེད་བྱེད་ཀྱི་བསྟན་བཅོས་ཀྱང་ས་སྡེ་ལྔ་སྡོམ་རྣམ་གཉིས་ལ་སོགས་པ་མཛད་པ་སྟེ། གསུང་ལན་ཀླུ་སྒྲུབ་དགོངས་རྒྱན་༧ལས། འདོད་ན། འཕགས་པ་ཐོགས་མེད་ཀྱིས་ས་སྡེ་ལྔ་སྡོམ་རྣམ་པ་གཉིས་ལ་སོགས་པར་བྱམས་ཆོས་ཕྱི་མ་གསུམ་གྱི་རྗེས་སུ་འབྲངས་ནས་རྣམ་རིག་པའི་ཤིང་རྟའི་སྲོལ་ཕྱེ་བ་མ་ཡིན་པར་འགྱུར་ལ། ཞེས་སོགས་གསུངས་སོ། །
ཤེར་ཕྱིན་མདོའི་དགོངས་འགྲེལ་དུ་གྱུར་པའི་ཤིང་རྟའི་སྲོལ་འབྱེད་ནི། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་རྒྱས་འབྲིང་བསྡུས་གསུམ་གྱི་དགོངས་འགྲེལ་གང་ཞིག དེའི་བརྗོད་བྱའི་གཙོ་བོ་དངོས་བསྟན་དང་སྦས་དོན་གཉིས་པོ་གང་རུང་ཞིག་མིའི་བྱད་གཟུགས་ཅན་གཞན་ལ་ལྟོས་མེད་དུ་ཐོག་མར་གསལ་བར་བཀྲལ་བའི་བསྟན་བཅོས་ལ་ཟེར་བས། རིམ་བཞིན་དངོས་བསྟན་ཟབ་མོའི་ལམ་རིམ་བཀྲལ་བ་ལ་རིགས་ཚོགས་དྲུག་དང༌། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཇི་བཞིན་གསལ་བ་ལ་བསྟན་བཅོས་མངོན་རྟོགས་རྒྱན་འཇོག་སྟེ། གསེར་ཕྲེང་༨ལས། ཡང་ན་དངོས་བསྟན་སྟོང་ཉིད་ཀྱི་དོན་རིགས་ཚོགས་དང༌། ཤུགས་བསྟན་སྟོང་ཉིད་བཤད་པ་ན་གདུལ་བྱའི་རྒྱུད་ལ་མངོན་རྟོགས་སྐྱེས་པའི་རིམ་པ་རྣམས་རྒྱན་གྱིས་བཀྲལ་བས། རྗེ་བཙུན་དང་ཀླུ་སྒྲུབ་ཞབས་གཉིས་ཀྱིས་ཤེར་ཕྱིན་འགྲེལ་ཚུལ་གཉིས་སུ་བྱུང་ངོ༌། །ཞེས་བྱ་བར་ཡང་གནས་སོ། །ཞེས་གསུངས་པའི་ཕྱིར། དེས་ན་ལུང་འདི་རྗེ་བཙུན་བྱམས་མགོན་ཤིང་རྟའི་སྲོལ་འབྱེད་ཡིན་པའི་ཤེས་བྱེད་དུ་དྲངས་པ་ནི་ཞིབ་ཏུ་མ་ཕྱེད་པར་མིང་ཟུར་འདྲ་བ་ཙམ་ལ་འཁྲུལ་ལམ་སྙམ།
དེའི་ཕྱིར་འདིར་སྨྲས་པ།
གང་གིས་གང་ལ་བརྟེན་ནས་གང་ཞིག་ཏུ། །
གང་གི་དགོངས་པ་བཀྲལ་ནས་གང་ཞིག་ནི། །
བསྟན་ཅིང་སྲོལ་འབྱེད་དབུ་སེམས་སོ་སོ་ཡི། །
ཤིང་རྟའི་སྲོལ་འབྱེད་ཅེས་བྱ་དེ་ལྟར་རོ། །
གང་གིས་གང་གི་གང་དུ་ཇི་ལྟར་དུ། །
གང་ཞིག་དངོས་ཤུགས་དོན་རྣམས་གསལ་བ་རུ། །
ཐོག་མར་བཀྲལ་བ་ཤེར་མདོའི་དགོངས་འགྲེལ་ཏེ། །
རིགས་ཚོགས་དྲུག་དང་རྒྱན་ལས་གཞན་དུ་མེད། །
ཤིང་རྟ་ཆེན་པོའི་གྲངས་དང་ཇི་ལྟ་བུར། །
སྲོལ་འབྱེད་ཚུལ་ལུགས་རྒྱས་ཤིང་གསལ་བར་ནི། །
ལེགས་བཤད་སྙིང་པོར་སྩལ་ལས་གཞན་ཞིག་ཏུ། །
ཚོལ་རྣམས་ཀྱེ་མ་ངལ་བའི་རྒྱུ་ཙམ་མོ། །
གང་ལ་བརྟེན་ནས་གཞུང་ཆེན་འདོར་དགོས་པ། །
དེ་ནི་མན་ངག་ཡང་དག་མིན་པ་དང༌། །
གང་ཞིག་བསྟེན་ན་གཞུང་ཆེན་བདེ་བླག་ཏུ། །
བློ་ངོར་འཆར་དེ་མན་ངག་མཆོག་ཏུ་བསྔགས། །
དེའི་ཕྱིར་གཟུར་གནས་བློ་ལྡན་དོན་གཉེར་ཅན། །
དམ་པས་བསྔགས་པའི་ལས་ལ་ཅི་ནུས་ཀྱིས། །
ཐོས་བསམ་སྒོམ་པའི་གོམས་པ་བསྟེན་དང་ལྷན། །
འཆད་རྩོད་རྩོམ་པའི་ལེགས་བཤད་སྒྲོག་པར་རིགས། །
ཞེས་ཀྱང་སྨྲས་སོ། །
༢༠༠༧།༦།༩  འདི་ནི་དྲ་གྲོགས་རྣམ་པའི་སྤྱན་སྔར་ལྟད་མོའི་ཚུལ་དུ་བཤམས་ཙམ་སྟེ། ནང་ཆོས་ཀྱི་མཚན་ཉིད་རིག་པ་ལའང་ཐུགས་སྣང་ཅན་ཤིན་ཏུ་མང་ཤག་ཡིན། དེའང་འདི་ནོར་བའི་ཚོགས་མཆིས་སྲིད་པས་དགོངས་ཚུལ་ཐད་ཀར་གསུང་བར་ཞུ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།