ཐ་མའི་ཁ་ཆེམས།

དཔྱིད་གསུམ་རླུང་རྒོད་ཀྱིས་སྤུར་ཞིང༌།
དབྱར་གསུམ་ཆར་ཞོད་ཀྱིས་ཚོས།
སྟོན་གསུམ་ཉི་ཟེར་གྱིས་གདུང་ཞིང༌།
དགུན་གསུམ་གྲང་རླུང་གིས་སྡང་བའི་ཡུལ་ན།
ངའི་ཁུར་པོ་ཇེ་ལྕི་ནས་ཇེ་ལྕི།
ངའི་རྐང་པ་ཇེ་དལ་ནས་དལ།
ཧ་ལམ་མཚམས་ཆད།
འོན་ཀྱང་རྣམ་ཤེས་ཀྱི་སྲོག་རྩ།
དཔྱིད་གསུམ་གྱི་རླུང་རྒོད་དང་འགྲོགས།
སྙིང་སྟོབས་ཀྱི་འཕར་རྩ།
དབྱར་གསུམ་གྱི་ཆར་ཞོད་དང་འདྲེས།
རེ་སྨོན་གྱི་མིག་ཆུ།
སྟོན་གསུམ་གྱི་ཉི་ཟེར་ལ་འཕེན།
ཐ་མའི་ཁ་ཆེམས་དེ།
དགུན་གསུམ་གྱི་གྲང་རླུང་ལ་བསྐུར་ཏེ།
གད་རྒྱངས་དང་ངུ་རྒྱངས་བར་ནས།
གང་ཞིག་ཏུ་ཆས།
སྟོན་གསུམ་དང་དགུན་གསུམ་གྱི།
ཉི་ཟེར་དང་གྲང་རླུང་གིས་གདུང་བའི་ལོ་མ་སེར་པོ།
དཔྱིད་གསུམ་གྱི་ཆར་རླུང་འདྲེས་མས་ཐོག་མར་ས་ལ་བསྒྱེལ་དུས།
གནམ་ས་གཡོ་བའི་འབྲུག་དམར་པོས་ངར་སྒྲ་སྒྲོག
དེའི་ཚེ།
སད་དང་སེར་བས་སྟོན་མཇུག་གི་ལོ་མ་སེར་པོ།
དགུ་ཧྲལ་དུ་བཏང་བས།
རྒྱལ་ཁ་སྲན་མ་ཙམ།
ཕམ་ཁ་རི་རབ་ཙམ།
བདེན་དོན་དེ།   ལྷ་ཡིས་མཁྱེན་སྲིད་ཀྱང༌།
མི་ཡིས་ཤེས་དཀའ།
དགུན་གསུམ་གྱི་རླུང་ལ་བསྐུར་བའི།
ཐ་མའི་ཁ་ཆེམས་དེ།
ཅི་ཞིག་ཡིན་ནམ།
༢༠༠༠།༢།༢༠   ཉི་མའི་ཉིན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།