གཡག་དང་སེངྒེ།

རང་རེ་བོད་གངས་ཅན་པའི་སྲོག་ཆགས་ཐུན་མོང་མ་ཡིན་པ་དང་། དེའི་འཁྲབ་སྟོན་ཐུན་མོང་མ་ཡིན་པ་ཞིག ༈ བརྗིད་ཆགས་ཤིང་ཁ་དྲོ་བའི་ནོར་གཡག་འདི་བོད་ཀྱི་ཐུན་མོང་མིན་པའི་ཁྱད་ནོར་ལྡན་པའི་སེམས་ཅན་ཞིག་ཡིན་ཏེ། མི་རིགས་ཀྱི་ཁྱད་ཆོས་དུ་མ་མཚོན་པ་འདི་ལྟར། འདིའི་རྭ་རྩེ་རྣོ་ངར་དང་ལྡན་པ་འདིས་བོད་མི་རིགས་ཀྱི་བློ་རིག་རྣོ་ཞིང་ཁྱད་དུ་འཕགས་པ་མཚོན།

རྭ་རྩེ་ནང་དུ་འགུག་པ་འདིས་ཤེས་རབ་ཀྱི་རལ་གྲི་རྩེ་མོ་ནང་དུ་བཀུག་ནས་བློ་ཆོས་ཕྱོགས་སུ་འགྲོ་བ་མཚོན། རྭ་རྩ་སྦོམ་ཞིང་མཐུག་པ་འདིས་བློ་གྲོས་བརྟན་ཞིང་བརླིང་བ་མཚོན། གཡག་མགོ་བརྗིད་ཆགས་ལ་ཡིད་དུ་འོང་བ་འདིས་མི་རིགས་ཀྱི་གཟི་བརྗིད་མཚོན། ནོག་མཐོ་ཞིང་ཞེང་ཆེ་བ་འདིས་སྤོབས་པ་མཐོ་ཞིང་སྙིང་སྟོབས་ཆེ་བ་མཚོན། སུག་ལག་གི་རྩིད་སྤུ་མཐུག་ཅིང་འབེལ་བ་འདིས་རིག་གཞུང་ཕྱུག་ཅིང་ཕུན་སུམ་ཚོགས་པ་མཚོན།

སུག་ལག་ས་ལ་བརྡབ་ཅིང་ཧར་སྒྲ་དྲག་ཏུ་སྒྲོག་པ་འདིས་ཡར་རྒྱས་ཀྱི་གོམ་སྒྲ་སྒྲོག་ཅིང་ནུས་ཤུགས་ཀྱི་བློ་སྤོབས་དྲག་ཏུ་འཕྱུར་བ་མཚོན། གྲང་ངར་གྱི་གནམ་གཤིས་བཟོད་པ་འདིས་དཀའ་སྡུག་ཐམས་ཅད་ལ་བཟོད་སྲན་ཐུབ་པ་མཚོན། དབྱར་དགུན་གྱི་འགྱུར་ལྡོག་ལ་གོམས་པ་བསྟེན་ནུས་པ་འདིས་ཕྱི་ནང་དང་གནའ་དེང་གི་རིག་གཞུང་བཟང་ངན་ལ་འདོར་ལེན་བྱེད་ནུས་པ་མཚོན་པས། བཀྲ་ཤིས་པའི་ནོར་གཡག་གི་འཁྲབ་སྟོན་འདི་ནི། བོད་ཀྱི་མཚོན་དོན་བཟང་པོ་ཞིག་ཡིན་ནོ། །

༈ མཛེས་ཤིང་ལྟ་ན་སྡུག་པའི་གངས་སེང་དཀར་མོ་འདིའང་བོད་ཀྱི་ཐུན་མོང་མིན་པའི་ཡུལ་གོམས་གཤིས་ལུགས་མཚོན་བྱེད་ཅིག་ཡིན་ཏེ། གཡུ་རལ་སྔོ་ཞིང་ལྗང་ལ་གཟི་འོད་དང་ལྡན་པ་འདིས་མི་རིགས་ཀྱི་རིག་གཞུང་དོན་སྙིང་ལྡན་ལ་གཟི་བྱིན་འབར་བ་མཚོན། ལུས་ཁམས་དཀར་ཞིང་དྭངས་པ་འདིས་གངས་དཀར་སེམས་ལ་ལྷད་མེད་ཅིང་ལྷག་བསམ་བཟང་བ་མཚོན། མཆེ་བ་གཙིགས་ཤིང་སྦར་སྡེར་བགྲད་པ་འདིས་ཕ་རོལ་གྱི་དགྲ་སྡེ་ལ་རྒོལ་བ་མཚོན། སྤྱན་མིག་གདངས་ཤིང་ཕྱོགས་བཅུར་གཡོ་བ་འདིས་མ་འོངས་བོད་ཀྱི་འདུན་ལམ་ལ་རྒྱང་མིག་ཅེར་ཞིང་ཡར་རྒྱས་ཀྱི་ལམ་བུར་མདུན་ནས་མདུན་དུ་བགྲོད་པ་མཚོན། མཐོ་བརྗིད་གངས་ཀྱི་རི་བོར་འགྱིངས་ཤིང་མཆོངས་པ་འདིས་རྗེས་ལུས་ཀྱི་མིང་ངན་ལས་མྱུར་དུ་ཐོན་ཏེ་དགུང་སྔོན་དབྱིངས་སུ་འཕག་པའི་རྟེན་འབྲེལ་སྒྲིག་པ་མཚོན། གངས་དཀར་ལ་ཆགས་ཤིང་གངས་རི་ལ་དུང་བའི་གཤིས་ཀ་འདིས་དཀར་ཕྱོགས་ལ་དགའ་ཞིང་དཀར་ཕྱོགས་མཆོད་པའི་གོམས་གཤིས་མཚོན་པས། གངས་སེང་དཀར་མོའི་འཁྲབ་སྟོན་འདིའང་རིག་གཞུང་མཚོན་བྱེད་བླ་ན་མེད་པ་ཞིག་ཡིན་ནོ། །

འདི་ནི་འགའ་ཞིག་གི་གཡག་སེང་འཁྲབ་སྟོན་སྐབས་སུ་བཤད་པ་རྒྱག་རྒྱུ་ཞིག་འབྲི་དགོས་པའི་བསྐུལ་མ་བྱུང་བ་ལྟར་བྲིས་པ་རེ་ཞིག་རྩེད་མཚར་གྱི་ཚུལ་དུ་དྲ་གྲོགས་རྣམ་པར་གཟིགས་མོར་ཕུལ་བའོ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།