བོད་ཀྱི་བཀའ་འགྱུར་བསྟན་འགྱུར་གྱི་ལོ་རྒྱུས།

 

བཀའ་བསྟན་སྐོར།

བོད་དུ་བཀའ་འགྱུར་བསྟན་འགྱུར་བྱུང་རིམ་དང་འཕེལ་རིམ་སྐོར་ཅུང་ཟད་ཕྱོགས་སྒྲིག་ཞུ་ན།ཝར་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་རྒན་བྱམས་པ་བསམ་གཏན་ལགས་ཀྱིས་མི་ལོ་ཉི་ཤུ་ལྷག་རིང་བཀའ་བསྟན་ཞིབ་འཇུག་གནང་འབྲས་ཀྱི་ཉམས་མྱོང་བཀའ་མོལ་བཅར་འདྲི་ཞུས་པ་ཞིག་འདུག་པ་དང་།གཞན་ཡང་དེ་སྔར་རྩོམ་པ་པོ་(མཚན་མི་དྲན་)གཞན་ཞིག་གིས་བཀའ་བསྟན་སྐོར་རེའུ་མིག་བསྒྲིགས་པ་སོགས་དཔྱད་གཞིར་བཟུང་ནས་འདིར་ཅུང་ཙམ་བྲི་བར་བྱའོ།

 


 

 

 

 

བཀའ་བསྟན་སྡུད་སྒྲིག་ཐེངས་དང་པོ།

 

བོད་ཀྱི་རྒྱལ་རབས་ཉེར་བདུན་པ་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་(373-452)གྱི་སྐུ་དུས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས།རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་(617-650)སྐུ་དུས་སུ་དམ་པའི་ཆོས་ཀྱི་སྲོལ་གཏོད།རྒྱལ་རབས་སོ་དགུ་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་(742-797)གྱི་སྐུ་དུས་སུ་དར་རྒྱས་ཆེན་པོ་བྱུང་ཞིང་།རྒྱལ་རབས་ཞེ་གཅིག་པ་ཆོས་རྒྱལ་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་འཇིང་ཡོན་(774-815)དང་།རྒྱལ་རབས་ཞེ་གཉིས་པ་ཆོས་རྒྱལ་ཁྲི་གཙུག་ལྡེ་བཙན་ནམ་རལ་པ་ཅན་(802-841)གཉིས་ཀྱི་སྐུ་དུས་སུ་ནང་ཆོས་དར་རྒྱས་ཀྱི་རྩེ་མོར་སོན།དེ་ནས་རྒྱལ་རབས་ཞེ་གསུམ་པ་འུ་དུམ་བཙན་པོའམ་རྒྱལ་པོ་གླང་དར་མའི་(815-842)སྐུ་དུས་སུ་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་བསྣུབས།

དེའང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ཕྱི་ལོ་༧༦༡ཙམ་ནས་བཟུང་ལྷ་སྲས་དར་མས་རང་གི་གཅེན་པོ་ཆོས་རྒྱལ་ཁྲི་རལ་པ་ཅན་ཕྱི་ལོ་༨༤༡ལོར་མ་བཀྲོངས་ཀྱི་བར་དུ་མི་ལོ་༨༠ཙམ་གྱི་རིང་བོད་ཀྱི་རྒྱལ་བློན་ལོ་པཎ་སྐུ་དྲིན་ཅན་དེ་དག་གིས་ནང་བསྟན་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་པ་རྣམས་ཀྱི་གྲངས་འབོར་ཕྱོགས་རྩིས་བྱེད་ན།ཆོས་ཚན་༢༠༠༠ལྷག་ཅིག་ཡོད་པ་ནི་སྨོས་མི་དགོས་པ་ཡིན་ཏེ།ཆོས་རྒྱལ་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་འཇིང་ཡོན་(774-815) གྱི་སྐུ་དུས་སུ་བཞེངས་པའི་དཀར་ཆག་གསུམ་སྟེ།

1. དཀར་ཆག་འཕང་ཐང་མ།ཆོས་རྒྱལ་ཁྲི་ལྡེ་གཙུག་བརྟན་ནམ་སད་ན་ལེགས་འཇིང་ཡོན་གྱི་སྐུ་དུས་སུ་བཞེངས་པའི་ཕོ་བྲང་འཕང་ཐང་གི་གཙུག་ལག་ཁང་དུ་བཞུགས་པའི་རྒྱལ་བའི་བཀའ་དང་བསྟན་བཅོས་བཞུགས་སོ་འཚལ་གྱི་དཀར་ཆག་བཀོད་པ་དེ་ལ་དཀར་ཆག་འཕང་ཐང་མ་ཟེར།
2. དཀར་ཆག་ལྡན་དཀར་མ།ལྷོ་ཁ་སྣེ་གདོང་ཕྱོགས་སུ་བཞེངས་པའི་ཆོས་རྒྱལ་ཁྲི་ལྡེ་གཙུག་བརྟན་ནམ་སད་ན་ལེགས་འཇིང་ཡོན་གྱི་ཕོ་བྲང་ལྡན་དཀར་གྱི་གཙུག་ལག་ཁང་དུ་བཞུགས་པའི་བཀའ་བསྟན་འགྱུར་རོ་འཚལ་གྱི་མཚན་ཐོ་བཀོད་པ་ལ་ཟེར།འདི་ལ་དུང་དཀར་ཚིག་མཛོད་དུ།སྔར་བོད་ཀྱི་བཙན་པོའི་དུས་རབས་སུ་བཀོད་པའི་བཀའ་བསྟན་གྱི་དཀར་ཆག་ཁག་གསུམ་གྱི་ནང་ཚན་ཞིག་ཡིན། དཀར་ཆག་འདི་བཙན་པོ་གང་གི་དུས་སུ་བཀོད་པ་ཡིན་མིན་སྐོར་བོད་ཀྱི་སྔོན་བྱོན་མཁས་པ་རྣམས་ལ་བཞེད་སྲོལ་མི་འདྲ་བ་གཉིས་བྱུང་སྟེ། བུ་སྟོན་རིན་པོ་ཆེ་དང་། དཔའ་བོ་གཙུག་ལག་ཕྲེང་བ་གཉིས་ཀྱིས་དཀར་ཆག་འདི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བཀོད་པ་དང་། བཀའ་བསྟན་དཀར་ཆག་བོད་ཡིག་ཐོག་བཀོད་པའི་ཐོག་མ་དེ་ཡིན་པར་བཞེད་པ་ལྟར་ཁོ་བོས་ཆེད་རྩོམ་འགའ་ཞིག་ཐོག་དེ་བཞིན་བཀོད་ཡོད་ཅིང་། དཀར་ཆག་ལྡན་དཀར་མལས་འབྲུག་གི་ལོ་ལ་ཕོ་བྲང་ལྡན་དཀར་ན་བཞུགས་པའི་སྟོན་ཞེས་གསལ་བས། བཙན༌པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་བཟུང་རིང་འབྲུག་ལོ་སྔ་རྗེས་གཉིས་བྱུང་བའི་སྔ་མ་ནི་བསམ་ཡས་གཙུག་ལག་ཁང་བཞེངས་འགོ་ཚུགས་ནས་མ་གྲུབ་གོང་གི་ལོ་ངོ་གསུམ་པའི་ཤིང་འབྲུག(༧༦༤)ལོ་ལ་ཁེལ་བས་སྐབས་དེར་ལོ་ཙཱ་བ་རྣམས་ཀྱིས་བཀའ་བསྟན་བསྒྱུར་འགོ་ཚུགས་ཙམ་ལས་དཀར་ཆག་ཏུ་འགོད་བྱའི་བཀའ་བསྟན་མང་པོ་མེད་ཅིང་། འབྲུག་ལོ་དེའི་རྗེས་ཀྱི་མེ་འབྲུག(༧༧༦)ལོ་བར་ལོ་བཅུ་གཉིས་ལས་མེད་པས་དེའི་རིང་ལདཀར་ཆག་ལྡན་དཀར་མལས་གསལ་བའི་ཆོས་ཚན་འབོར་ཆེན་དེ་ཙམ་བོད་སྐད་དུ་བསྒྱུར་ཐུབ་པ་ཧ་ཅང་དཀའ་བ་མ་ཟད། མེ་འབྲུག་དེ་ནས་ལོ་ངོ་བཞི་སོང་བའི་ས་ལུག(༧༧༩)ལོ་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་གཤེགས་པ་ཡིན་པས། དཀར་ཆག་ལྡན་དཀར་མབཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ལ་བྱུང་བའི་བཞེད་ཚུལ་དེར་དོགས་གཞི་ཆེ་བར་བརྟེན། རྗེས་སུ་ཁོ་བོསདཀར་ཆག་རིག་པཞེས་པའི་ཆེད་རྩོམ་དེའི་ནང་འཇམ་མགོན་སི་ཏུ་རིན་པོ་ཆེ་དང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་རྣམ་གཉིས་ཀྱི་བཞེད་པ་ལྟརདཀར་ཆག་འཕང་ཐང་མདང་པོ་དངདཀར་ཆག་ལྡན་དཀར་མགཉིས་པ་ཡིན་པ་དང་། དེ་གཉིས་ཀ་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་ཀྱི་དུས་སུ་བྱུང་ཚུལ་སོར་བཞག་བྱས་པ་ཡིན། དཀར་ཆག་ལྡན་དཀར་མབརྩམས་པའི་འབྲུག་ལོ་དེ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ས་སྟག(༧༩༨)ལོ་ནས་ཤིང་ལུག(༨༡༥)བར་སྲིད་དབང་སྐྱོང་བའི་བཞེད་པ་ལྟར་བྱས་ནདེའི་རིང་ལ་འབྲུག་ལོ་གཉིས་བྱུང་བའི་འབྲུག་ལོ་སྔ་མ་ནི་ལྕགས་འབྲུག(༨༠༠)ལོ་ཡིན་པ་དང་། འབྲུག་ལོ་ཕྱི་མ་ནི་ཆུ་འབྲུག(༨༡༢)ལོ་ཡིན་པས་ལོ་དེ་གཉིས་གང་རུང་ཞིག་ལདཀར་ཆག་ལྡན་དཀར་མཕྱོགས་བསྒྲིགས་གནང་བ་ཡིན་ངེས། དཀར་ཆག་འདིའི་ནང་དུ་ཕྱོགས་བསྒྲིགས་མཛད་པ་པོ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། འཁོན་ཀླུའི་དབང་པོ་སོགས་ཡིན་ཚུལ་གསལ་བ་མ་ཟད། ཞང་ཡེ་ཤེས་སྡེ་དང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ཀྱིས་མཛད་པའི་གསུང་རྩོམ་ཁག་གི་མཚན་བྱང་བཀོད་པའི་མཇུག་ཏུ་མཁན་པོ་ཡེ་ཤེས་སྡེས་མཛད་པ་ཞེས་དང་། སློབ་དཔོན་ཀླུའི་རྒྱལ་མཚན་གྱིས་མཛད་པ་ཞེས་ཆེ་བརྗོད་ཆེན་པོ་མཛད་ཡོད་ཅིང་། ཞང་ཡེ་ཤེས་སྡེ་དང་ཅོག་རོ་རྣམ་གཉིས་ཀྱིས་བསྒྱུར་རྣམས་ཕལ་ཆེ་བ་གསལ་ཡང་། སྐ་བ་དཔལ་བརྩེགས་རང་ཉིད་ཀྱིས་བསྒྱུར་བ་འགའ་ཞིག་ཙམ་ལས། མང་ཆེ་བ་མི་གསལ་བ་བཅས་དཔྱད་གཞི་ཆེ། ད་དུང་དོགས་གཅོད་བྱ་དགོས་པ་ནི། ལོ་ཙཱ་བ་སྐ་ཅོག་ཞང་གསུམ་ཀ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་ཡིན་ཚུལ་ལོ་རྒྱུས་ཕལ་ཆེ་བའི་ནང་གསལ་ཡང་། དེ་ལྟར་ཡིན་མིན་སྐོར་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་རྣམས་ཀྱིས་གསུང་ཚུལ་མི་འདྲ་བ་འདུག་པས་མུ་མཐུད་ནས་ཞིབ་འཇུག་ཡོད་པ་ཞུ་རྒྱུ། དཀར་ཆག་འདིའི་གཞུང་ངོ་མ་བསྟན་འགྱུར་ཕྱོགས་བསྒྲིགས་ཕལ་ཆེ་བའི་ནང་བཞུགས་ཤིངསྡེ་དགེ་བསྟན་འགྱུརསྣ་ཚོགས་སྡེ་ཚན་གྱི་པོད[ཛ]པའི་ནང་དུ་ཡོད།ཅེས་གསལ་བཤད་གནང་འདུག
3. དཀར་ཆག་མཆིམས་ཕུ་མ།དུང་དཀར་ཚིག་མཛོད་ལས།བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱིས་བཞེངས་པའི་ལྷ་ཁང་ལྔ་པའི་གྲས་ཤིག་སྟེ།ཡོངས་གྲགས་སུ་མཆིམས་ཕུའི་གཙུག་ལག་ཁང་རྙིང་པ་ཞིག་ཡིན་པའི་ཤོད་རྒྱུན་འདུག་ཀྱང་།ས་གནས་གང་དུ་ཡོད་མིན་རྩད་མ་ཆོད་ཅིང་།བཀའ་འགྱུར་གྱི་དཀར་ཆག་མཆིམས་ཕུ་མ་ཞེས་པ་དེ་ཡང་ལྷ་ཁང་འདིའི་ནང་དུ་བཞུགས་པའི་བཀའ་འགྱུར་གྱི་དཀར་ཆག་ཡིན།ཞེས་གསུངས་འདུག

དེ་ལྟ་བུའི་དཀར་ཆག་གསུམ་ལས་དང་པོ་གཉིས་ནི་ད་ལྟའང་ཡོད་ཅིང་།འཕང་ཐང་མའི་ནང་དུ་ཆོས་ཚན་མི་འདྲ་བ་༡༠༠༠ཙམ་དང་།ལྡན་དཀར་མའི་ནང་དུ་ཆོས་ཚན་༧༠༠ལྷག་ཅིག་གསལ་བར་མ་ཟད།དེ་དག་ཀྱང་རྒྱལ་པོའི་ཕོ་བྲང་སོ་སོར་བཞུགས་པའི་ཆོས་ཚན་ཏེ།དཔེར་ན།ཤེས་རབ་སྙིང་པོ་ལྟ་བུ་ལ་ཆོས་ཚན་གཅིག་དང་།འབུམ་དུམ་པ་བཅུ་གཉིས་ལ་ཆོས་ཚན་གཅིག་ཏུ་བྱས་པ་ལྟ་བུའི་ཆོས་ཚན་དེ་རྣམས་ནི།གོང་གི་དཀར་ཆག་གཉིས་པོར་བསྐྱར་ལྡབ་མེད་པར་གྲངས་སོ་སོར་ཡོད་ཚུལ་བཀའ་བསྟན་ཉམས་ཞིབ་པ་ལོ་རྒྱུས་སྨྲ་བ་རྒན་བྱམས་པ་བསམ་གཏན་ལགས་ཀྱིས་གསུངས་འདུགསྐབས་དེའི་དཀར་ཆག་མཆིམས་ཕུ་མ་ད་ལྟར་ལག་སོན་བྱུང་མེད་ཀྱང་།ཕོ་བྲང་མཆིམས་ཕུར་གོང་གི་གྲངས་ཀ་དེ་དག་དང་མཚུངས་པར་བརྒྱ་ཕྲག་མང་པོ་ཡོད་པ་ནི་རྗེས་སུ་དཔག་ནུས་པ་ཞིག་རེད།

བོད་དུ་དམ་པའི་ཆོས་དར་བར་མཛད་པའི་ལོ་པཎ་སྐུ་དྲིན་ཅན་དག་གི་མཚན་བུ་སྟོན་ཆོས་འབྱུང་དུ་བཀོད་པ་ནི།རྒྱ་གར་གྱི་སློབ་དཔོན་མཁན་ཆེན་ཞི་བ་འཚོ་ནས་བཟུང་ཀིརྟི་པཎྜི་ཏའི་བར་རྒྱ་གར་གྱི་པཎྜི་ཏ་༩༣གྱི་མཚན་འཁོད་ཡོད་པ་དང་།ལོ་ཙཱ་བ་ཐོན་མི་སཾ་བྷོ་ཊ་ནས་བཟུང་།ལེགས་པའི་བློ་གྲོས་ཀྱི་བར་ལོ་ཙཱ་བ་༡༩༢ཀྱི་མཚན་བཀོད་ཡོད་པ་དེ་དག་ལས།གོང་དུ་བཤད་པའི་མི་ལོ་༨༠ཙམ་གྱི་རིང་ལ་ལོ་ཙཱ་བ་ལྔ་བཅུ་ང་གྲངས་ཤིག་གིས་བསྒྱུར་པའི་གྲངས་འབོར་ནི་མ་མཐར་ཡང་ཆོས་ཚན་༡༧༠༠ལྷག་ཅིག་ཡོད་པ་དཀར་ཆག་གཉིས་ལས་གསལ་ལ།བོད་དུ་བཀའ་བསྟན་ཕྱོགས་སྒྲིག་གི་དཀར་ཆག་ཐོག་མར་མཛད་པའང་དཀར་ཆག་དེ་གསུམ་ཡིན།

 

བཀའ་འགྱུར་དང་བསྟན་འགྱུར།

 

ལོ་ཆེན་རིན་ཆེན་བཟང་པོ་(958-1055)ནས་བཟུང་།སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་(1318-1388)དང་།ལེགས་པའི་བློ་གྲོས་(དུས་རབས་བཅུ་གསུམ་པའི་སྨད་དུ་འཁྲུངས་པར་བཤད)ཀྱི་བར་དུ་ལོ་ཙཱ་བ་ 136 ཐམ་པའི་མཚན་བུ་སྟོན་ཆོས་འབྱུང་དུ་བཀོད་ཡོད་པ་ལ་སོགས་པའི་ལོ་ཙཱ་བ་རྣམས་ཀྱིས་རིམ་པར་བསྒྱུར་ཞུས་མང་དུ་མཛད་པའི་སངས་རྒྱས་ཀྱི་བཀའ་དང་།དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་ཡོད་པ་དག་ནི།ཕལ་མོ་ཆེ་དབུས་གཙང་གཉིས་གཙོ་བྱས་པའི་བོད་ཀྱི་དགོན་སྡེ་ཁག་སོ་སོར་ཁ་འཐོར་བའི་ཚུལ་དུ་གནས་པ་ལ།བཅོམ་ལྡན་རིག་པའི་རལ་གྲིས་དུས་རབས་༡༣པའི་ནང་།ཁོང་གི་སློབ་མ་མཆིམས་འཇམ་དཔལ་དབྱངས་ཀྱིས་སྣག་ཚ་དང་ཤོག་བུ་སོགས་ཀྱི་མཐུན་རྐྱེན་སྦྱར།དབུས་པ་བློ་གསལ་སོགས་ཀྱིས་འཚོལ་སྡུད་བྱེད་དུ་བཅུག་སྟེ་བཞེངས་ཚུལ་ནི།འགོས་ལོ་གཞོན་ནུ་དཔལ་(1392-1481)གྱི་དེབ་ཐེར་སྔོན་པོ་ལས།བཅོམ་རལ་གྱིས་བདེ་བར་གཤེགས་པའི་བཀའ་རྣམས་ཀྱི་བམ་ཚད་དང་འགྱུར་བྱང་སོགས་ལའང་ངེས་ངེས་མཛད།བསྟན་བཅོས་རྣམས་ཀྱང་སོ་སོར་ཕྱེ་ནས་ཚན་ཚན་དུ་བསྡུ་བའི་བསྟན་བཅོས་བསྟན་པ་རྒྱས་པ་བྱ་བའང་མཛད།དེ་རྟིང་བཙུན་པ་འཇམ་དབྱངས་ཀྱིས་ཡོ་བྱད་ཚན་ཆེན་པོ་བསྐུར།དབུས་པ་བློ་གསལ་ལ་སོགས་པ་ལ་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་བཞེངས་ལ།དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བཞུགས་པར་གྱིས་ཤིག་ཅེས་ལན་བསྐུར་བ་བཞིན།དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་དང་།ལོ་ཙཱ་བ་བསོད་ནམས་འོད་ཟེར་དང་།རྒྱང་རོ་བྱང་ཆུབ་འབུམ་གསུམ་གྱིས་འབད་པ་ཆེན་པོས་བཀའ་འགྱུར་བསྟན་འགྱུར་གྱི་ཕྱི་མོ་བཙལ་ཞིང་ལེགས་པར་བཞེངས་ནས།འཇམ་ལྷ་ཁང་ཞེས་པའི་གཙུག་ལག་ཁང་དུ་བཞུགས་པ་ལས།གཞན་དུ་ཡང་མང་དུ་མཆེད་དེ།སྟོད་ཀྱི་གྲོམ་པ་ས་སྐྱ་དང་།ཁབ་གུང་ཐང་ལ་སོགས་པར་མཆེད།སྨད་དུ་ཡང་འཚལ་གུང་ཐང་དུའང་ཚར་གསུམ།སྟག་ལུང་ཉེ་འཁོར་དང་བཅས་པར་ཡང་ཚར་གསུམ།བུ་སྟོན་རིན་པོ་ཆེས་སྣར་ཐང་ནས་བསྟན་འགྱུར་སྤྱན་དྲངས་ཏེ་ཟློས་པ་རྣམས་དོར།སྣར་ཐང་གི་དེ་དང་པོ་ཁོ་ན་ཡིན་པས་ཕྱི་མོ་ཅི་རྙེད་བསྡུས་པའི་ཕྱིར།གོ་རིམ་མེད་པ་ལ་གོ་རིམ་རྣམས་ལེགས་པར་བསྒྲིགས།ཆོས་ཀྱི་རྣམ་གྲངས་པ་གསར་པ་སྟོང་ལྷག་ཙམ་བསྣན་ནས།ཞ་ལུའི་གཙུག་ལག་ཁང་ན་བཞུགས།དེ་ལ་ཕྱི་མོ་བགྱིས་ཏེ་གཞིས་ཁ་རིན་སྤུངས་སུ་སློབ་དཔོན་ནམ་མཁའ་རྒྱལ་མཚན་པས་བཞེངས།རྩེས་ཐང་གི་ཆོས་གྲྭར་བཞུགས།དེ་ལ་ཕྱི་མོ་བགྱིས་ཏེ་གོང་དཀར་དང་།གདན་ས་ཐེལ་ན་ཡང་བཞུགས།ཕྱིས་ནི་ཁམས་པ་རྣམས་ཀྱིས་སོ་སོར་བཞེངས་ཏེ་ཁམས་སུ་ཁྱེར་བ་དང་།དེ་རྣམས་ཉིད་ལ་ཕྱི་མོ་བྱས་ནས་ཁམས་ཉིད་དུ་བཞེངས་པ་དང་།ཆོས་རྗེ་མཐོང་བ་དོན་ལྡན་པས་བཞེངས་པ་དང་།དབུས་སུ་དབེན་ཤ་བས་བཞེངས་པ་དང་།འཚུར་ཕུར་ན་ཡང་ཆོས་རྗེ་རང་བྱུང་བས་རིན་པོ་ཆེ་ལས་བཞེངས་པ་དང་།བྱམས་པ་གླིང་དུ་ཡར་རྒྱབ་དཔོན་ཆེན་དགེ་བསྙེན་པས་བཞེངས་པ་དང་།གཟི་ཀུན་སྤངས་པས་པུ་སྟི་བརྒྱ་བརྒྱད་ཅུ་ཙམ་ཞིག་བཞེངས་པ་དང་།སྟག་རྩེ་བས་ཀྱང་གཙུག་ལག་ཁང་བཟང་པོ་དང་།བཀའ་འགྱུར་བསྟན་འགྱུར་སྔར་གྱི་སྟེང་དུ།དུས་ཕྱིས་ཕྱི་མོ་རྙེད་པ་མང་པོ་དང་བཅས་ཏེ་བཞེངས་པའི་བར་བགྲང་བ་ལས་འདས་པ་ཞིག་བྱུང་བ་རྣམས་ཀྱང་།བཅོམ་ལྡན་རིགས་པའི་རལ་གྲིའི་སློབ་མ་བཙུན་པ་འཇམ་པའི་དབྱངས་ཀྱི་མཐུ་ལས་བྱུང་བ་ཡིན་ཏེ།འདི་རྣམས་ཀྱང་མཐར་གཏུགས་ན་རྔོག་ལོ་ཙཱ་བའི་བཀའ་དྲིན་དང་།དེ་ཡང་ཁ་ཆེའི་མཁས་པ་རྣམས་ཀྱི་བཀའ་དྲིན་དང་།མཐར་སངས་རྒྱས་རྣམས་ཀྱི་བཀའ་དྲིན་དུ་གྱུར་པའོ།།ཞེས་གསུངས།

དེའང་བཙན་པོའི་སྐུ་དུས་སུ་བཀའ་བསྟན་མང་པོ་བསྡུས་ཏེ་དཀར་ཆག་ཏུ་བཀོད་ཡོད་ཀྱང་། བཀའ་དང་བསྟན་བཅོས། མདོ་དང་སྔགས། འཁོར་ལོ་གསུམ་གྱི་རིམ་པ་སོགས་ཚན་ཚན་སོ་སོར་བསྡེབས་ནས་བསྒྲིགས་པའི་དཀར་ཆག་རིག་པའི་འགྲོས་ཡང་དག་པ་དེ་མེད་པས། ད་ལྟར་བཀའ་འགྱུར་དང་བསྟན་འགྱུར་ཞེས་གྲགས་པ་འདི་ཉིད་ནི།བཅོམ་ལྡན་རིག་རལ་དང་མཆིམས་འཇམ་དཔལ་དབྱངས་སོགས་ཀྱིས་བསྒྲིགས་གནང་བ་རེད།

བསྒྲིགས་ཚུལ་ཡང་རྩ་བའི་སྡེ་ཚན་ཆེན་པོ་བཀའ་དང་བསྟན་བཅོས་གཉིས་སུ་ཕྱེ།བཀའ་འགྱུར་ལའང་མདོ་སྔགས་གཉིས་སུ་ཕྱེ།མདོ་ལའང་འཁོར་ལོ་རིམ་པ་གསུམ་དུ་ཕྱེ་སྟེ་ནང་གསེས་དབྱེ་བ་དང་བཅས་པ་ཞིབ་ཚགས་ངང་བཀོད།ཕྱིས་སུ་བསྟན་འགྱུར་ནི།ཐོག་མར་དགེ་བ་བསྟོད་ཚོགས་རིགས་དང་།བར་དུ་དགེ་བ་རིག་པའི་གནས་ལྔའི་དབང་དུ་བྱས་ཏེ།ནང་དོན་རིག་པ་ལ་འབྲས་བུ་རྡོ་རྗེ་ཐེག་པ་དང་།རྒྱུ་མཚན་ཉིད་ཐེག་པ་གཉིས།དེ་རེ་རེ་ལའང་ནང་གསེས་མང་པོ་དང་།དེ་ནས་གཏན་ཚིགས་རིག་པ་དང་།སྒྲ་རིག་པ་དང་།གསོ་བ་རིག་པ་དང་།བཟོ་རིག་པ་དང་།ཐུན་མོང་བ་ལུགས་ཀྱི་བསྟན་བཅོས་ཁག་དང་།བོད་ཀྱི་མཁས་པ་ཆེན་པོ་རྣམས་ཀྱི་གསུང་དང་།གསར་བཅུག་སྣ་ཚོགས་དང་།ཐ་མར་དགེ་བ་བསྔོ་སྨོན་དང་བཀྲ་ཤིས་སོགས་ཀྱི་ཚན་པ་བཅས་ཧ་ཅང་གྲ་རྒྱས་ཕུན་སུམ་ཚོགས་པར་བསྒྲིགས་ཡོད།

སྤྱིར་དཀར་ཆག་གི་གོ་དོན་དང་དབྱེ་བ་ནི།དུང་དཀར་ཚིག་མཛོད་ལས།འདིའི་གོ་དོན་ནི་ཉིན་དཀར་གྱི་དུས་སུ་གཟུགས་ཀྱི་ཁྱད་ཆོས་རྣམས་མ་འདྲེས་པར་གསལ་པོར་མཐོང་བ་ལྟར་འགོད་བྱའི་དོན་དེ་གསལ་པོར་བཀོད་པའི་དོན་དང་། ཆག་ཅེས་པ་ནི་རྩའི་ཆུན་པོ་བསྡམས་པ་ལྟར་འགོད་བྱའི་དོན་དེ་སྡེ་ཚན་མ་འདྲེས་པར་སོ་སོར་ཕྱེ་ནས་གསལ་པོར་བཀོད་པའི་དོན་ཡིན། དཀར་ཆག་གི་རྣམ་གྲངས་ལ་རིགས་མི་འདྲ་བ་ལྔ་ཡོད་པ་སྟེ། ༡.གཙུག་ལག་ཁང་དང་ཕོ་བྲང་པོ་ཏཱ་ལའི་དཀར་ཆག་ལྟ་བུ་ལྷ་ཁང་གི་དཀར་ཆག ༢.གདན་ས་གསུམ་དང་སྐུ་འབུམ་དགོན་པའི་དཀར་ཆག་ལྟ་བུ་དགོན་པའི་དཀར་ཆག ༣.གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག ཇོ་ནང་མཆོད་རྟེན་ཆེན་མོའི་དཀར་ཆག ཇོ་བོ་བྱང་ཆུབ་ཆེན་པོའི་སྐུ་བརྙན་གྱི་དཀར་ཆག་ལྟ་བུ་སྐུ་རྟེན་དང་མཆོད་རྟེན་གྱི་དཀར་ཆག། ༤.བཀའ་འགྱུར་དཀར་ཆག་དང་བསྟན་འགྱུར་དཀར་ཆག་ལྟ་བུ་གསུང་རབ་ཀྱི་དཔེ་ཐོ། ༥.གངས་ཏེ་སེའི་དཀར་ཆག་དང་། ཕ་བོང་ཁའི་དཀར་ཆག།ཙཱ་རིའི་དཀར་ཆག་ལྟ་བུ་གནས་ཡིག་ལ་དཀར་ཆག་གི་མིང་བཏགས་པ་ལྟ་བུ་བཅས་ཡིན། དེ་རྣམས་མིང་འདོགས་སྟངས་མི་འདྲ་ཡང་དཀར་ཆག་གི་སྡེ་ཚན་ཁོངས་སུ་འདུས་པ་ཡིན་ལགས།ཞེས་གསལ་བར་གསུངས་འདུག

 

ཞིབ་བསྡུར་གྱི་གནས་ཚུལ།

 

གཞན་ཡང་།བཀའ་བསྟན་ཉམས་ཞིབ་པ་རྒན་བྱམས་པ་བསམ་གཏན་ལགས་ཀྱིས་ངོ་སྤྲོད་གནང་བ་རྣམས་དོན་སྙིང་ཆེན་པོ་འདུག་པས།སྙིང་པོ་གཤམ་དུ་འགོད་ན་འདི་ལྟར།

• ༡༣༤༧ལོར་ཚལ་པ་ཁྲི་དཔོན་ཀུན་དགའ་རྡོ་རྗེས་ཚལ་བཀའ་འགྱུར་ཞེས་པ་ཕྱིས་སུ་བཀའ་འགྱུར་མང་པོའི་མ་ཕྱིར་གྱུར་པ་དེ་བཞེངས།དེར་སྣར་ཐང་བཀའ་འགྱུར་ནང་མེད་པ་མང་པོ་གསར་སྣོན་བྱས།
• ༡༤༣༡ལོར་རྒྱང་རྩེ་ཆོས་རྒྱལ་ཀུན་བཟང་རབ་བརྟན་འཕགས་ཀྱིས་སྣར་ཐང་དེ་གཞིར་བཞག་གིས་བཀའ་འགྱུར་ཐེམས་སྤངས་མ་བཞེངས།
• ༡༤༡༠ལོར་པེ་ཅིང་དུ་བཀའ་འགྱུར་པར་ཤིང་ཐོག་མར་བརྐོས།༼དཔྱད།༽
• ༡༦༡༠ཡས་མས་འཇང་རྒྱལ་པོ་མི་ཕམ་བསོད་ནམས་རབ་བརྟན་གྱིས་པར་ཤིང་བརྐོས་པ་ནི་བོད་རིགས་ཀྱིས་བརྐོས་པ་ཐོག་མ་དེ་ཡིན།འཇང་བཀའ་འགྱུར་གྱི་དཀར་ཆག་དེ་ནི་རབ་བྱུང་བཅུ་པའི་ཤིང་ཕོ་སྟག་༡༦༡༤ལོར་མཛད་འདུག
• མངའ་རིས་ཕུ་བྲག་དགོན་དུ་དུས་རབས་༡༧པར་བཀའ་འགྱུར་བཞེངས་པ་དེར་གཞན་དུ་མེད་པའི་ཆོས་ཚན་༣༠སོ་གྲངས་ཡོད།
• ༡༦༠༨ལོར་མོན་ཨོ་རྒྱན་གླིང་དུ་བཞེངས་པ་རྟ་དབང་དགོན་དུ་བཞུགས་པའི་བཀའ་འགྱུར་ནའང་གཞན་ལ་མེད་པའི་ཆོས་ཚན་༣༠ཡས་མས་ཡོད།
• ག་ཤར་སྒང་ཏོག་དགོན་པའི་བཀའ་འགྱུར་ནང་དུའང་ཆོས་ཚན་འགའ་ཤས་ཡོད།
• བསྟན་འགྱུར་ལ་མཚོན་ན།༡༣༠༠ཡས་མས་སྣར་ཐང་བསྟན་འགྱུར་བཞེངས།
• ༡༣༡༧ནས་༡༣༢༣བར་ཚལ་པ་དྲུང་ཆེན་སྨོན་ལམ་རྡོ་རྗེས་(ཚལ་པ་ཀུན་དགའ་རྡོ་རྗེའི་ཡབ་)ཚལ་པ་བསྟན་འགྱུར་བཞེངས་པ་དེའི་ནང་སྣར་ཐང་དེར་མ་གསལ་བའི་ཆོས་ཚན་༦༠༠ཡས་མས་གསར་རྙེད་དང་གསར་འགྱུར་བྱུང་།འདི་གཉིས་ཀྱི་དཀར་ཆག་དཔེ་རྒྱུན་ཧ་ཅང་དཀོན་ནའང་ཉེ་ཆར་ལག་སོན་བྱུང་ཡོད་འདུག
• ༡༣༣༤ལོར་ཞྭ་ལུ་བསྟན་འགྱུར་བཞེངས།
• ༡༦༨༧།༨༨སྐབས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་འཕྱིང་བ་སྟག་རྩེར་བསྟན་འགྱུར་བཞེངས་པ་དེར་ཆོས་ཚན་༦༠༠ལྷག་གསར་སྣོན་བྱས་པ་སྡེ་དགེ་བསྟན་འགྱུར་ནང་མེད་པར་བཤད།
• སྤྱིར་སྡེ་དགེ་བཀའ་བསྟན་གཉིས་ཧ་ཅང་དག་པར་བརྩི་ནའང་།དེའི་ནང་ཞུ་དག་པས་བཅོས་ནོར་ཤོར་བའང་འགའ་རེ་ཡོད་པ་ནི།རྒྱ་དཔེ་དང་བསྟུན་ཚེ་བྲིས་མ་འགའ་རེ་ལེགས་པའང་ཡོད་པ་དེ་ལྟ་བུ་ཡིན་པས།ཆ་རྐྱེན་འཛོམས་ན།མ་དཔེ་གཞན་དང་རྒྱ་དཔེ་ཞིབ་བསྡུར་གྱིས་ཞུ་ཆེན་དགོས་གལ་ཆེ་བར་གསུངས།
• བཀའ་འགྱུར་དང་བསྟན་འགྱུར་གྱི་པར་མ་དང་བྲིས་མ་མང་པོ་ཡོད་པ་དེ་དག་ཕན་ཚུན་ཁ་སྐོང་བྱ་རྒྱུ་དང་།ཝར་ཎཱ་མཐོ་སློབ་སོགས་སུ་པཱ་ལི་སྐད་ནས་གསར་འགྱུར་ཡང་ཉུང་ཤས་ཡོད་པ་དེ་དག་ཐམས་ཅད་ལེགས་སྒྲིག་རེ་བྱ་རྒྱུའི་རེ་སྨོན་གནང་བ་བཅས་ནི།ཉམས་ཞིབ་པ་ཁོང་གི་གསུང་དེའི་སྙིང་དོན་བསྡུས་པ་ཡིན།
 

འཇང་བཀའ་འགྱུར་དང་སྡེ་དགེ་བཀའ་འགྱུར།

 

ད་ཡོད་ཨ་དར་ཤའི་ནང་དུ་གསལ་བའི་བཀའ་འགྱུར་འདི་གཉིས་པོའི་སྐོར་ཅུང་ཟད་ཞུ་ན།མདོ་རྒྱུད་ཀྱི་སྡེ་ཚན་ཆེན་པོ་གཉིས་རེ་བགོས་འདུག

• དང་པོ་མདོ་ཕྱོགས་ལ་མཚོན་ན།འཁོར་ལོ་དང་པོའི་དབང་དུ་བྱས་ནས།འདུལ་བ་ལུང་སྡེ་གཞི་སོ་ཐར་གྱི་མདོ་དང་བཅས་པ་ལ་པོད་༡༣ཡོད་པ་ནི་གཉིས་ཀ་མཐུན།
• འཁོར་ལོ་བར་པའི་དབང་དུ་བྱས་ནས།ཤེར་ཕྱིན་སྐོར་ལ།འབུམ་པོད་༡༦།ཉི་ཁྲི་པོད་༤།ཁྲི་བརྒྱད་སྟོང་པ་པོད་༣།ཤེས་རབ་ཁྲི་པ་པོད་༢།བརྒྱད་སྟོང་པ་པོད་༡།ཤེར་ཕྱིན་སྣ་ཚོགས་པོད་བཅས་ཁྱོན་བསྡོམས་པས་པོད་༢༧ཡོད།སྡེ་དགེ་བཀའ་འགྱུར་ལ་འབུམ་༡༢།ཉི་ཁྲི་ཡིན་པ་མ་གཏོགས་གཞན་མཚུངས་པས།ཁྱོན་པོད་༢༢ཡོད།
• མདོ་སྡེ་ལ་ཁྱོན་བསྡོམས་པོད་༣༢ཡོད་པ་ལས་ཀ་ནས་ཡའི་བར་ཐེག་པ་ཆེན་པོའི་མདོ་དང་།ར་ནས་ཨཿབར་པོད་བརྒྱད་ནི་ཐེག་པ་ཐུན་མོང་བའི་མདོར་བགྲངས།
• འཁོར་ལོ་ཐ་མའི་དབང་དུ་བྱས་ནས།ཕལ་ཆེན་ལ་པོད་ཡོད་ཀྱང་།སྡེ་དགེ་བཀའ་འགྱུར་ཕལ་ཆེན་ལ་པོད་མ་གཏོགས་མེད།དཀོན་བརྩེགས་ལ་པོད་ཡོད་པ་གཉིས་ཀ་མཚུངས།
• རྒྱུད་ཀྱི་དབང་དུ་བྱས་ན།རྒྱུད་འབུམ་ལ་ཁྱོན་པོད་༢༤དང་།དྲི་མེད་འོད་ལ་པོད་ཡོད་ཀྱང་།སྡེ་དགེ་རྒྱུད་འབུམ་ལ་པོད་༢༠།རྙིང་རྒྱུད་པོད་༣།དྲི་མེད་འོད་པོད་༡།གཟུགས་འདུས་པོད་བཅས་ཡོད།
• མདོར་ན།ཁྱོན་བསྡོམས་ན།འཇང་བཀའ་འགྱུར་ལ་པོད་༡༡༣།སྡེ་དགེ་བཀའ་འགྱུར་ལ་༡༠༣བཅས་ཡོད།
 
 

(གཤམ་གྱི་རེའུ་མིག་གཉིས་པོ་ནི་གཞན་ཞིག་ལས་སྔ་མོར་གུས་པས་བཤུས་ཏེ་རང་གི་བརྗེད་ཐོར་ཉར་ཡང་།ད་ཆར་གང་ལས་བཤུས་སའི་མཚན་སོགས་བརྗེད་འདུག་པས།རེའུ་མིག་སྒྲིག་མཁན་ཁོང་ལ་གནས་སྐབས་དགོངས་སེལ་ཞུ།)

 

 

 

ལོ།

ཡུལ།

མཚན།

པར་/བྲིས།

པོད

༡༣༡༢ཡས་མས།

ཚལ་གུང་ཐང་།

ཚལ་པ་བཀའ་འགྱུར།

ཚལ་པ་བསྟན་འགྱུར།

བྲིས་མ།

༢༦༠

༡༤༣༡

རྒྱལ་རྩེ།

བཀའ་འགྱུར་གསེར་བྲིས།

རྒྱལ་རྩེ་ཐེམ་སྤངས་མ།

བྲིས་མ།

༡༡༡

༡༤༠༨

ནན་ཅིང་།

ནན་ཅིང་བཀའ་འགྱུར།

ཟངས་པར།

 

༡༥༩༤

པེ་ཅིང་།

བཀའ་འགྱུར་ཆ་ཚང་།

བསྟན་འགྱུར་པོད་༤༢།

ཤིང་པར།

 

༡༦༠༩

འཇང་།

བཀའ་འགྱུར་ལི་ཐང་པར་མ།

ཤིང་པར།

༡༠༨

༡༧༢༡

ཅོ་ནེ།

བཀའ་བསྟན་གཉིས་ཀ

ཤིང་པར།

 

༡༧༢༩

སྡེ་དགེ།

བཀའ་འགྱུར་ཆ་ཚང་།

   

༡༩༧༩

ཀརྨ་པ་༡༦

སྡེ་དགེ་པར་མ།

མཚལ་པར་པར་བཤུས།

 

༡༩༨༠

ཨ་རི།

སྡེ་དགེ་པར་མ་བཀའ་འགྱུར།

དཔེ་གཟུགས།

༡༢༠

༡༠

༡༧༣༠

སྣར་ཐང་།

བཀའ་འགྱུར།

ཤིང་པར།

 

༡༡

༡༨༡༤

རྭ་རྒྱ།

བཀའ་འགྱུར།

ཤིང་པར།

 

༡༢

༡༩༠༨

སོག་པོ་ཁུ་རེ།

བཀའ་འགྱུར།

ཤིང་པར།

༡༠༥

༡༣

༡༩༢༡

ལྷ་སའི་ཞོལ།

བཀའ་འགྱུར།

ཤིང་པར།

 

༡༤

དེའི་རྗེས།

ཆབ་མདོ།

བཀའ་འགྱུར།

པར་སློག།།

 

 

 

བསྟན་འགྱུར་པར་མའམ་བྲིས་མ།

(ཚལ་པ་བསྟན་འགྱུར་སོགས་མང་ཙམ་གོང་དེར་གསལ།)

 

 

ལོ།

མཚན།

ཡུལ།

པར་/བྲིས།

པོད།

1

༡༣༣༤

ཞྭ་ལུའི་བསྟན་འགྱུར།

ཞྭ་ལུ།

བྲིས་མ།

༡༢༤

2

༡༣༦༤

སྣེ་གདོང་བསྟན་འགྱུར།

 

བྲིས་མ།

༢༠༢

3

༡༦༨༧

 

རྩེ་པོ་ཏཱ་ལ།

བྲིས་མ།

༢༢༥

4

༡༧༣༡

སྡེ་དགེ་བསྟན་འགྱུར།

སྡེ་དགེ།

ཤིང་པར།

༢༡༢

5

༡༧༤༡

ཕོ་ལྷ་བས་བཞེངས་པའི་བསྟན་འགྱུར་ཆ་ཚང་།

   

6

༡༧༥༣

ཅོ་ནེ་བསྟན་འགྱུར།

     

7

༡༩༨༧/༡༩༩༥

བསྟན་འགྱུར།

ཁྲེན་ཏུའུ།

དེབ་གཟུགས།

 

 

མཐོང་ཚུལ་དང་རེ་སྐུལ།

 

 

བཅོམ་ལྡན་རིགས་པའི་རལ་གྲི་ལ་སོགས་པའི་མཁས་པའི་དབང་པོ་ཁོང་རྣམ་པས་གཟིགས་རྒྱང་རིང་པོས་བཀའ་བསྟན་ཕྱོགས་སྒྲིག་གི་ལས་གཞི་བརྩམས་པ་དེ་ནི།རྒྱ་གར་འཕགས་པའི་ཡུལ་སྐད་ཀྱིས་གཙོས་པའི་སྐད་རིགས་གཞན་ལས་བསྒྱུར་པའི་བཀའ་བསྟན་ཙམ་མ་ཡིན་པར།བོད་པ་རང་གིས་བརྩམས་པའི་བསྟན་བཅོས་རྣམས་ཀྱང་ཁ་མི་འཐོར་བར་ཕྱོགས་བསྡུས་མཛད་རྒྱུའི་འཆར་གཞི་དང་ལམ་སྟོན་མཛད་ཡོད་པ་འདྲ་སྟེ།བསྟན་འགྱུར་ལ་སྡེ་ཚན་མང་དུ་བགོས་པའི་ནང་མཇུག་ཏུ་བོད་ཀྱི་མཁས་པའི་བརྩམས་ཆོས་ཁག་དང་།གསར་འགྱུར་གསར་རྙེད་རྣམས་ཁ་སྣོན་རིམ་པས་མཛད་ཡོད་པར་མ་ཟད།ཕྱིས་སུའང་མུ་མཐུད་ནས་གསར་སྣོན་བྱ་ཆོག་གི་རྣམ་པར་བཞག་ཡོད་པ་འདི་དག་ནི།མི་ལོ་བརྒྱ་སྟོང་མང་པོར་སྔོན་དཔག་གིས་འཆར་འགོད་ལག་བསྟར་གནང་བའི་རིགས་ཡིན་པས།ང་ཚོ་སྤྱི་སྒེར་སུ་ཡིན་རུང་།ནུས་པ་ཅན་རྣམས་ཀྱིས་ཕྱག་ལས་རླབས་པོ་ཆེ་དེ་རིགས་མཛད་པར་ཞུ།

ལྷག་པར་དུའང་ཉེ་བའི་ཆར་བཀའ་བསྟན་དཔེ་བསྡུར་མ་བོད་ནས་ལེགས་སྒྲིག་གནང་བ་དེ་དང་།རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་རྡོ་རྗེ་མཆོག་གིས་དེང་རབས་དང་མཐུན་པར་བཀའ་བསྟན་གྱི་མཉེན་ཆས་བཟོས་ཏེ།རིན་མེད་ངང་མང་ཚོགས་ལ་འགྲེམས་སྤེལ་གནང་བ་ནི།དོན་གཉེར་ཅན་མི་རེ་ངོ་རེ་ལ་བཀའ་བསྟན་ཡོངས་རྫོགས་ཀྱི་ཆོས་སྦྱིན་མཛད་པ་དང་འདྲ་བས།སྤྱི་སྒེར་ཀུན་ལ་སྐུ་དྲིན་ཧ་ཅང་ཆེ་བའོ།།དེས་ན།དཔེ་བསྡུར་མའི་མ་དཔེ་དང་།གཞན་ཡང་གསར་རྙེད་གསར་འགྱུར།བྲིས་མ་དང་པར་མ་ཁག་གི་འདྲ་བཤུས་ཡོངས་རྫོགས་བསྡུས་ཏེ།ཞིབ་བསྡུར་ཁ་སྐོང་།བོད་ཀྱི་ཆོས་བརྒྱུད་ཁག་གི་མཁས་པ་སོ་སོའི་གསུང་འབུམ་ལ་སོགས་པ་བོད་པའི་བརྩམས་ཆོས་ཕྱོགས་བསྡུས་ཀྱང་བསྟན་འགྱུར་གྱི་པོད་ཕྲེང་ནང་བསྒྲིགས་ཏེ།བོད་ཀྱི་བཀའ་བསྟན་ཟེར་དུས་པོད་ཁྲི་འབུམ་མང་པོའི་བདག་ཉིད་ཅན་ཞིག་ཏུ་འགྱུར་ཆེད་ཕན་ཚུན་མཉམ་ལས་གནང་བ་སོགས་ཀྱི་སྒོ་ནས་སྤྱི་དོན་འཕེལ་རྒྱས་ཀྱི་ཕྱོགས་སུ་འགྲོ་ནུས་པའི་རེ་སྐུལ་དང་སྨོན་འདུན་གྲངས་མེད་ཞུ།

༢༠༡༩་༡༡་༤ཉིན་སེར་བྱེས་བསོད་ནམས་དབང་ལྡན་ནམ་རིགས་པའི་སྨྱུ་གུས་གཏམ་བཤད་ཅིག་གི་ཆེད་དུ་བྲིས།

 

 

 

མཆན། 

 

 

[1] སྲོང་བཙན་དཔེ་མཛོད་ཁང་། ༢༠༡༥ འབྲི་གུང་སྐྱབས་མགོན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས། ༡༥༣།  སྤུ་རྒྱལ་ལྷ་ཐོ་དོ་སྙ་བཙན་ཞེས་ཀྱང་གསལ། 

 

[2] སྲོང་བཙན་དཔེ་མཛོད་ཁང་། ༢༠༡༥ འབྲི་གུང་སྐྱབས་མགོན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས། ༢༠༩

 

[3] སྲོང་བཙན་དཔེ་མཛོད་ཁང་། ༢༠༡༥ འབྲི་གུང་སྐྱབས་མགོན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས། ༤༤༥

 

[4] སྲོང་བཙན་དཔེ་མཛོད་ཁང་། ༢༠༡༥ འབྲི་གུང་སྐྱབས་མགོན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས།  ༤༩༤

 

[5] སྲོང་བཙན་དཔེ་མཛོད་ཁང་། ༢༠༡༥ འབྲི་གུང་སྐྱབས་མགོན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས། ༥༡༥

 

[6] སྲོང་བཙན་དཔེ་མཛོད་ཁང་། ༢༠༡༥ འབྲི་གུང་སྐྱབས་མགོན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས། ༥༦༩

 

[7] སྲོང་བཙན་དཔེ་མཛོད་ཁང་། ༢༠༡༥ འབྲི་གུང་སྐྱབས་མགོན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས། ༤༧༣

 

[8] སྲོང་བཙན་དཔེ་མཛོད་ཁང་། ༢༠༡༥ འབྲི་གུང་སྐྱབས་མགོན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས། ༥༦༧

 

[9] འབྲས་སྤུངས་བློ་གླིང་དཔེ་མཛོད་ཁང་། ༡༩༩༧ བུ་སྟོན་ཆོས་འབྱུང་། ༢༠༦།

 

[10] འབྲས་སྤུངས་བློ་གླིང་དཔེ་མཛོད་ཁང་། ༡༩༩༧ བུ་སྟོན་ཆོས་འབྱུང་། ༢༠༨། ནང་བཀོད་པ་ལ་གཞིར་བཞག་གིས་བརྩིས།

 

[11] ཁོང་གི་འཁྲུངས་འདས་ལོ་ཚིགས་སོགས་མི་མཐུན་པ་མང་ཞིང་། མཐའ་ཆོད་པ་ཞིག་འགྲིག་དཀའ་བས། རེ་ཞིག་མ་བྲིས་པར་བཞག །

 

[12] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། སྟོད་ཆ།  ༤༡༠།

 

 

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།