བྱེ་བྲག་བཤད་མཛོད་ཆེན་མོའི་གླེང་གཞི་གླེང་བ།

 

<<བསྟན་བཅོས་ཡེ་ཤེས་ལ་འཇུག་པ་>>དང་།བསྟན་བཅོས་ཆེན་མོ་འདི་གཉིས་རྒྱའི་ལོ་ཙཱ་བ་བློ་བཟང་ཆོས་འཕགས་ཀྱིས་(༡༩༤༥༡༩༤༩) བར་རྒྱ་སྐད་ནས་བོད་དུ་བསྒྱུར་པའི་མ་དཔེ་ལོ་ཙཱ་བ་རང་གི་ཕྱག་བྲིས་མ་དེ་དེབ་ཆེན་བཅུ་ཐམ་པ་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལོ་མང་འབད་དབུངས་ཀྱིས་པར་སྐྲུན་གནང་འདུག་པས།ལོ་ཙཱ་བ་དང་མཆོག་སྤྲུལ་གཉིས་ཀ་ལ་བཀའ་དྲིན་རྗེས་དྲན་དང་འབྲེལ་ཐུགས་རྗེ་ཆེ་ཞུ།   དེའི་བམ་པོ་དང་པོ་གླེང་གཞི་བཀླགས་པའི་ཟིན་ཐོ་རགས་བསྡུས་འགོད་ན།

    ཆོས་མངོན་པ་འདི་སངས་རྒྱས་ཀྱིས་བཀའ་སྩལ་ཅིང་།འདྲི་བ་པོ་ལྷ་ལ་སོགས་པ་སྣ་ཚོགས་སུ་འདོད་པའི་ཚུལ་མང་དུ་བཀོད།

    ཆོས་མངོན་པ་ལ་མཁས་པའི་ཉན་ཐོས་ཆེན་པོ་གཉིས་ཏེ།སངས་རྒྱས་ཞལ་བཞུགས་སྐབས་ཉན་ཐོས་ཤཱ་རིའི་བུ་དང་།མྱ་ངན་ལས་འདས་རྗེས་ཀཱཏྱཱཡ་ནའི་བུས་ཇི་ལྟར་བསྡུས་ཚུལ་རྒྱས་པར་གསུངས།

    སྡེ་སྣོད་གསུམ་གྱི་ཁྱད་པར་དོན་བརྒྱད་ཀྱི་སྒོ་ནས་ཕྱེ།

  1. མིང་གི་སྒོ་ནས། (མདོ་སྡེ།འདུལ་བ།མངོན་པའི་སྡེ་སྣོད།)
  2. རྟེན་པའི་བྱ་བའི་སྒོ་ནས། ( ལྷག་པའི་བསླབ་པ་གསུམ་ལ་བརྟེན་ནས་སྡེ་སྣོད་གསུམ་སོ་སོར་འཇོག།)
  3. རབ་ཏུ་དབྱེ་བའི་སྒོ་ནས། ( གོ་རིམ་གྱི་རབ་དབྱེ།གླེང་གཞིའི་རབ་དབྱེ།མཚན་ཉིད་ཀྱི་རབ་དབྱེ།)
  4. རྒྱུ་མཐུན་པའི་སྒོ་ནས། ( སྟོབས་ཀྱི་རྒྱུ་མཐུན་པ།ཐུགས་རྗེ་ཆེན་པོ།མི་འཇིགས་པའི་རྒྱུ་མཐུན་སྒོ་ནས།)
  5. བརྗོད་བྱའི་སྒོ་ནས། ( ཆོས་སྣ་ཚོགས།བསླབ་བྱའི་གཞི།རང་སྤྱིའི་མཚན་ཉིད་སྒོ་ནས།)
  6. ཆེད་དུ་བྱ་བའི་སྒོ་ནས། ( དགེ་རྩ་མ་བསྐྱེད་པ་སྐྱེད་པ།བསྐྱེད་པ་སྨིན་པ།སྨིན་པ་གྲོལ་བར་མཛད་པ།)
  7. གནས་སྐབས་ཀྱི་སྒོ་ནས། ( ལས་དང་པོ་པ།ཡོངས་སུ་འདྲིས་པ།ཡིད་བྱེད་ལས་འདས་པའི་སྒོ་ནས། )
  8. གང་དུ་ཞུགས་པའི་སྒོ་ནས། ( ཆོས་ལ་མ་ཞུགས་པ་འཇུག་པ།ཞུགས་པ་ཡང་དག་པར་བླངས་པ།བླངས་པ་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་དུ།རིམ་བཞིན་མདོ་སྡེའི་སྡེ་སྣོད།འདུལ་བའི་སྡེ་སྣོད།མངོན་པའི་སྡེ་སྣོད་གསུམ་གསུངས་སོ།

    བསྟན་བཅོས་འདི་བརྩམས་པའི་དགོས་པ་རྒྱས་པར་གསུངས།

    ཆོས་མངོན་པའི་གནས་ལ་ཆོས་མངོན་པར་བཏགས་པ་སོགས་ཆོས་དེ་དང་དེའི་གནས་ལ་ཆོས་དེ་དང་དེའི་མིང་བཏགས་ཏེ་གསུངས་པའི་ཚུལ་ཁུངས་དང་བཅས་རྒྱས་པར་གསུངས།

    ཆོས་མངོན་སྒྲ་བཤད། (ཨ་བྷི་དྷརྨ།)

  1. ཆོས་མངོན་པ་པ།ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པའི་ཆ་ནས་བཏགས།
  2. བཙུན་པ་དབྱིག་བཤེས།མདོ་ལས་གསུངས་པའི་ཆོས་རྣམས་ཀྱི་ངོ་བོ་དང་མཚན་ཉིད་སོགས་ཏན་ལ་འབེབས་པའི་ཆ་ནས་བཏགས།
  3. བཙུན་པ།ཀུན་བྱང་སོགས་ལ་མིང་གི་ཚོགས་ལ་སོགས་པས་བསྡུས་པའི་ཆ་ནས་བཏགས།
  4. བཙུན་པ་པཱརྴ།མཐར་ཕྱིན་པའི་ཤེས་རབ་དང་།ཡང་དག་པའི་ཤེས་རབ་ལ་སོགས་པ་ཡིན་པའི་ཕྱིར།དེ་ལྟར་བཏགས།
  5. བཙུན་པ་དབྱངས་སྒྲོག།ཐར་འདོད་རྣམས་ཀྱིས་ཡང་དག་པར་རྟོགས་པར་བྱེད་པའི་ཆ་ནས་བཏགས།
  6. ཆོས་སྲུང་སྡེ་པ།ལྷག་པའི་ཕྱིར་མངོན་པ་ཞེས་བྱ།
  7. ས་སྟོན་སྡེ་པ།ཤེས་རབ་ཀྱིས་སྣང་བར་བྱེད་པའི་ཕྱིར།ཆོས་མངོན་པ་ཞེས་བཏགས།
  8. དཔེ་སྟོན་པ།ཆོས་རྣམས་ཀྱི་མཆོག་མྱང་འདས་ཐོབ་པར་བྱེད་པའི་ཕྱིར་དེ་ལྟར་བཏགས།
  9. སྒྲ་པ་རྣམས།ཨ་ནི་བསལ་བ།བྷི་ནི་འབྱེད་པ་སྟེ།ཀུན་སྦྱོར་སོགས་བསལ་ཅིང་།ཕུང་ཁམས་སོགས་འབྱེད་པའི་ཕྱིར།དེ་ལྟར་བཏགས།
  10. བཙུན་པ་སངས་རྒྱས་སྐྱོང་།ཨ་བྷི་ནི་ཚིག་ཕྲད་དེ།མངོན་དུ་གྱུར་པའོ།
  11. བཙུན་པ་སངས་རྒྱས་ལྷ།ཨ་བྷི་ནི་ཚིག་ཕྲད་དེ།ལྷག་པའི་དོན་ཡིན་པས།དཔེར་ན་ལྷག་པའི་ང་རྒྱལ་ལ་ཨ་བྷི་ང་རྒྱལ།ལྷག་པའི་བྱང་ཆུབ་ལ་ཨ་བྷི་བྱང་ཆུབ་ཟེར་བ་བཞིན།དེ་ལྟར་བཏགས།
  12. བཙུན་པ་གཡོན་ལེན། —  ཨ་བྷི་ནི་ཚིག་ཕྲད་དེ།གུས་པའི་དོན་ཡིན།དཔེར་ན།གུས་པས་ཕྱག་འཚལ་བ་ལ་ཨ་བྷི་ཕྱག་འཚལ།ཨ་བྷི་མཆོད་པ་ཞེས་པ་ལྟ་བུའོ།།ཞེས་སོགས་རྒྱས་ཤིང་ཞིབ་ལ་ཧ་ཅང་ལེགས་པར་གསུངས་འདུག་པ་རྣམས་ནི།ལེགས་པར་བཤད་པ་རྒྱ་མཚོའི་བདག་ཉིད་དུ་མཇལ་ཏེ།རིགས་པའི་སྨྱུ་གུས་སྙིང་བསྡུས་བརྗེད་ཐོར་བཀོད་པའོ།

༢༠༡༨--༢༡

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།