མདོ་ཁམས་སྨད་ཀྱི་འཇང་དགུན་ཆོས་ཐེངས་བདུན་པའི་བྱུང་བ་ཆ་ཚང་།

མདོ་ཁམས་སྨད་ཀྱི་འཇང་དགུན་ཆོས་ཐེངས་བདུན་པའི་བྱུང་བ་ཆ་ཚང་།

 

མདོ་ཁམས་སྨད་ཕྱོགས་ཀྱི་ཚད་མའི་འཇང་དགུན་ཆོས་ཐེངས་བདུན་པ་བཀྲིས་དར་རྒྱས་དགོན་དུ་ཉིན་བཅུ་རིང་ཚོགས་པའི་སྐབས་ས་ཕྱོགས་སྟོད་སྨད་ནས་ཆོས་བརྒྱུད་རིས་མེད་ཀྱི་དགོན་ཁག་ཞེ་དགུའི་དཔེ་ཁྲིད་དགེ་རྒན་དགེ་བཤེས་བརྒྱ་ལྷག་གཙོས་སློབ་གཉེར་བ་ཉིས་སྟོང་གཅིག་བརྒྱས་ཉིན་བཅུ་རིང་ཞོགས་པའི་ཚོགས་དང་ཆོས་རྭ་སོགས་འཚོགས།

ཉིན་དང་པོའི་ཚོགས་སུ་རྒྱལ་བསྟན་རིན་པོ་ཆེ་དང་མཁན་རིན་པོ་ཆེས་གྲྭ་མང་ལ་བསླབ་བྱ།ཉིན་གཉིས་པ་ལ་བཞག་པ་སྤྲུལ་སྐུས་གྲྭ་མང་ལ་བསླབ་བྱ།ཉིན་གུང་ཚོགས་དང་བགྲོ་གླེང་།དགོང་མོར་ཚོགས་དང་མཐོང་ཆེན་དམ་བཅའ།མཚན་མོར་རྩོད་ཟླ་དང་འཛིན་གྲྭའི་དམ་བཅའ།དེ་ནས་རྩོད་སྤུངས་སོགས་ཀྱི་རྨོངས་མུན་སེལ་བའི་དགེ་བ་ཇི་སྙེད་བསགས་པ་དང་།

ནང་ཆོས་ངོ་སྤྲོད་སྐོར།

དེ་བཞིན་ཉིན་བཅུ་ལས་ཉིན་དགུའི་རིང་ཉིན་གུང་ཆུ་ཚོད་གཉིས་པའི་ཐོག་ཡུལ་ལུང་འདིའི་མི་མང་ལ་སློབ་གསོ་དང་ནང་ཆོས་ངོ་སྤྲོད།

  • ཉིན་དང་པོ་ལ་དར་དགོན་མཁན་རིན་པོ་ཆེ་པདྨ་བསམ་གཏན།
  • ཉིན་གཉིས་པ་བཞག་པ་སྤྲུལ་སྐུ།
  • ཉིན་གསུམ་པ་ལ་ས་སྐྱའི་དགོང་སྤྲས་སྤྲུལ་སྐུ།
  • ཉིན་བཞི་པ་ལ་སེར་བྱེས་ལྷ་རམས་པ་བློ་བཟང་ཡར་རྒྱས།
  • ཉིན་ལྔ་པ་ལ་དར་དགོན་ཁྲི་སྤྲུལ་ནམ་མཁའ་འཇིགས་མེད།
  • དྲུག་པ་ལ་དར་དགོན་མཁན་རིན་པོ་ཆེ་པདྨ་བསམ་གཏན།
  • བདུན་པ་ལ་དར་དགོན་དགོན་བདག་རྒྱལ་བསྟན་མཆོག་སྤྲུལ།
  • ཉིན་བརྒྱད་པ་ལ་སེར་ཤུལ་ཁྲི་བ་རིན་པོ་ཆེ།
  • ཉིན་དགུ་པ་ལ་སེར་བྱེར་ལྷ་རམས་པ་དཀར་མཛེས་ཡ་མ་བསོད་ནམས་བཅས་ཀྱིས་མི་མང་ལ་སློབ་གསོ་དང་ནང་ཆོས་ངོ་སྤྲོད་གནང་བའི་དགེ་བའི་ཇི་ཡོད་དང་།

རང་དགོན་གྱི་གྲ་སྒྲིག་སྐོར།

རྒྱལ་བསྟན་མཆོག་སྤྲུལ་རིན་པོ་ཆེ་དང་མཁན་རིན་པོ་ཆེ་གཙོས་བླ་སྤྲུལ་དགེ་བཤེས་ཕྱག་མཛོད་རྣམ་པ་དགེ་འདུན་དམངས་བཅས་གྲྭ་སྒྲིག་ཚོགས་ཆུང་སྡེ་ཚན་ལྔ་སྟེ།

  • ཚོང་ཁང་དང་ཟ་ཁང་སོགས་གོ་སྒྲིག་ཚོགས་ཆུང་འགན་འཛིན་དགེ་བཤེས་ལྷ་རམས་པ་ནམ་མཁའ་ནོར་བུ་དང་།དགེ་བཤེས་དབང་འདུས།དགེ་བཤེས་པདྨ་མ་དབང་ཆེན་གསུམ་གྲྭ་བ་བཅུ་གྲངས་ལྷག་དང་གྲོང་སྡེ་ཁ་ཤས།
  • ཞལ་ལག་སོགས་གོ་སྒྲིག་ཚོགས་ཆུང་ལ་འགན་འཛིན་དགེ་བཤེས་ལྷ་རམས་པ་རྡོ་པད།དགེ་བཤེས་འཇམ་འབྱངས་རྣམ་རྒྱལ།དགེ་བཤེས་བློ་བཟང་བྱང་ཆུབ།གྲ་བ་བཅུ་གྲངས་ལྷག་དང་གྲོང་སྡེ་ཁ་ཤས།སྡེ་ཚན་འདི་ལ་ལས་དོན་ཧ་ཅང་མང་བས་བཙུན་དགོན་ཁག་གཉིས་ཀྱི་བཙུན་མ་རྣམས་དང་།
  • དེ་བཞིན་བདེ་འཇགས་གོ་སྒྲིག་ཚོགས་ཆུང་ལ་འགན་འཛིན་དགེ་བཤེས་བྱམས་པ་ལྷུན་གྲུབ།དགེ་བཤེས་བསྟན་འཛིན་དར་རྒྱས།གྲྭ་བ་བཅུ་གྲངས་ལྷག་དང་།གྲོང་སྡེ་ཁ་ཤས།
  • འཕྲོད་བརྟེན་གོ་སྒྲིག་ཚོགས་ཆུང་ལ་འགན་འཛིན་དགེ་བཤེས་ཀུན་དགའ་དང་།དགེ་བཤེས་བློ་བཟང་དར་རྒྱས།གྲྭ་བ་བཅུ་གྲངས་ལྷག་དང་གྲོང་སྡེ་ཁ་ཤས།
  • སློབ་གཉེར་དང་རྒྱུགས་སྤྲོད་གོ་སྒྲིག་ཚོགས་ཆུང་ལ་འགན་འཛིན་དགེ་བཤེས་བུ་ཏོག་དང་།དགེ་བཤེས་དགེ་བརྩེ།དགེ་བཤེས་བརྩོན་འགྲུས།དགེ་བཤེས་བསོད་ནམས་དབང་རྒྱལ།དགེན་བློང་རྡོར།གྲྭ་བ་བཅུ་གྲངས་ལྷག་དང་།གྲོང་སྡེ་ཁ་ཤས་བཅས་ཀྱིས་རང་འཕྲོས་ཀྱི་ལས་དོན་ལ་ཧུར་ཐག་བྱས་པའི་དགེ་བ་ཇི་ཡོད་དང་།

བསྟན་པའི་སྦྱིན་བདག་ཁག

ཉིན་བཅུ་རིང་བསྟན་པའི་སྦྱིན་བདག

  • ཉིན་དང་པོ་དཀར་མཛེས་གནས་བཞུགས་རོང་པ་ཚྭའི་སྐྱིད་སྡུག
  • ཉིན་གཉིས་པ་ལ་ལྷ་ས་གནས་བཞུགས་སྦྱིན་བདག་ཁག་དང་རླངས་འཁོར་ཁ་ལོ་ཚོགས་པ།
  • ཉིན་གསུམ་པ་ལ་དར་དགོན་མཁན་རིན་པོ་ཆེ་པདྨ་བསམ་གཏན་དང་ལྷ་སར་གནས་བཞུགས་ཆོས་རྒྱལ།
  • ཉིན་བཞི་པ་ལ་མཁར་སྒང་ཤང་གི་གྲོང་སྡེ་ཁག
  • ཉིན་ལྔ་པ་ལ་སྤྲུལ་སྐུ་འཇམ་དངོས་དང་བྱེ་སེར་ཤང་གི་གྲོང་སྡེ་ཁག
  • ཉིན་དྲུག་པ་ལ་རི་འགོ་ཤང་གི་གྲོང་སྡེ་ཁག་དང་ལྷ་སར་གནས་བཞུགས་གུར་ཐང་འགྱུར་དགའ།
  • ཉིན་བདུན་པ་ལ་གོ་ལོང་ཤང་གི་གྲོང་སྡེ་ཁག
  • ཉིན་བརྒྱད་པ་ལ་འདན་མ་ཤང་གི་གྲོང་སྡེ་ཁག
  • ཉིན་དགུ་པ་ལ་ཕྱི་རྒྱལ་གནས་བཞུགས་དར་དགོན་འབྲེལ་ཡོད་ཁག
  • ཉིན་བཅུ་པ་ལ་བཀྲིས་དར་རྒྱས་དགོན་གཞུང་བཅས་ཀྱིས་བསྟན་པའི་སྦྱིན་བདག་གནང་བའི་དགེ་བའི་རྩ་བ་ཇི་སྙེད་བསགས་པ་དང་།

ཚད་མའི་དམ་བཅའ་སྐོར།

དེ་བཞིན་ཉིན་བཅུ་རིང་ཚད་མའི་དམ་བཅའ་ཁག་གཉིས་ལས་མཐོང་ཆེན་དམ་བཅའ་ནི།

  • ཉིན་དང་པོ་ལ་གཞུང་ཚན།མཆོད་བརྗོད་དང་ཕྱོགས་སྒྲ།དམ་བཅའ་བ་ལྷ་མོ་རྩེ་དགོན་པ་དང་རྟགས་གསལ་བ་མུ་ལི་དགོན་ཆེན།
  • ཉིན་གཉིས་པ་ལ་གཞུང་ཚན་འབྲས་རང་གཉིས།དམ་བཅའ་བ་ཉག་ཆུ་མགོ་ལོག་དགོན་དང་།རྟགས་གསལ་བ།འབའ་འཛིན་མཛོད་དགོན།
  • ཉིན་གསུམ་པ་ལ་གཞུང་ཚན།མ་དམིགས་པ་ཆ་ཚང་དང་།དམ་བཅའ་བ།གདུགས་དཀར་དགོན་དང་།རྟགས་གསལ་བ།རྟུའུ་ཉི་མཚོ་དགོན།
  • ཉིན་བཞི་པ་ལ་གཞུང་ཚན།རྟགས་གཞན་བཞི་པ་དང་།དམ་བཅའ་བ།བེ་རིན་དགོན་དང་།རྟགས་གསལ་བ།ཉག་ཆུ་ཨོ་ཐོག་དགོན།
  • ཉིན་ལྔ་པ་ལ་གཞུང་ཚན།འབྲེལ་བ།དམ་བཅའ་བ།རྫ་གླིང་རི་དགོན་དང་།རྟགས་གསལ་བ།འབའ་ཆོས་ལྡན་དགོན།
  • ཉིན་དྲུག་པ་ལ་གཞུང་ཚན།ལུང་འགལ་དང་ཚད་མ་ཕྲུགས་གསུམ་དང་།དམ་བཅའ་བ།ལྕོག་རི་དགོན།རྟགས་གསལ་བ།བཀྲིས་དར་རྒྱས་དགོན་པ།
  • ཉིན་བདུན་པ་ལ་གཞུང་ཚན།གཞན་སེལ་སྟོད་དང་།དམ་བཅའ་བ།མི་ལུ་ལྷ་སྟེང་དར་རྒྱས་གླིང་།རྟགས་གསལ་བ།ཉི་དར་རྒྱས་དགོན།
  • ཉིན་བརྒྱད་པ་ལ་གཞུང་ཚན།གཞན་སེལ་སྨད།དམ་བཅའ་བ།སྟོང་སྐོར་དགོན།རྟགས་གསལ་བ།འདན་ཉི་རྫོང་དགོན།
  • ཉིན་དགུ་པ་ལ་གཞུང་ཚན།ཤིང་འཛིན་རྟོག་པ།དམ་བཅའ་བ།ལི་ཐང་དགོན་ཆེན།རྟགས་གསལ་བ།མགར་ཐར་དགོན།
  • ཉིན་བཅུ་པ་ལ་གཞུང་ཚན།བརྡ་ཡུལ།དམ་བཅའ་བ།བྲག་མགོ་དགོན།རྟགས་གསལ་བ།དཀར་མཛེས་དགོན།

མཚན་ཕུད་དམ་བཅའ་སྐོར།

ཉིན་བརྒྱད་པ་ལ་མཚན་ཕུད་དམ་བཅའ་ནི།

  • གཞུང་ཚན་དང་པོ་མཆོད་བརྗོད་རྟགས་གཞན་བཞི་པའི་བར།དམ་བཅའ་བ།རྩིས་ཚང་དགོན།རྟགས་གསལ་བ།མཁའ་ཉམས་དགོན།
  • གཞུང་ཚན་གཉིས་པ་འབྲེལ་བ་ནས་ཚད་མ་ཕྲུག་གསུམ་བར།དམ་བཅའ་བ།རྟའུ་ཀ་བཞི་དགོན།རྟགས་གསལ་བ།མགར་ཐར་དགོན།
  • གཞུང་ཚན་གསུམ་པ་གཞན་སེལ་ཆ་ཚང་།དམ་བཅའ་བ།བཀྲིས་དར་རྒྱས་དགོན་པ།རྟགས་གསལ་བ།བྲག་མགོ་དགོན།

དེ་བཞིན་བསྡུས་རྟགས་ཀྱི་དམ་བཅའ་སོགས་ཀྱང་ཉིན་བཅུ་རིང་དགོང་མོ་ལ་དམ་བཅའ་སོགས་དགོན་ཁག་སོ་སོའི་རིགས་སྨྲ་བ་རྣམ་པས་དམ་བཅའ་དང་རྟགས་གསལ་གཏོང་བ་སོགས་ཧ་ཅང་ཡིད་སྨོན་ཤོར་བ་གནང་བའི་དགེ་བའི་རྩ་བ་ཇི་སྙེད་བསགས་པ་དང་།

ཉིན་བརྒྱད་པ་ལ་དགོན་པ་གཞུང་ནས་ས་ཕྱོགས་གང་ས་ནས་ཕེབས་པའི་ལྷག་བསམ་རབ་ཏུ་དཀར་བའི་བསྟན་པའི་སྦྱིན་བདག་རྣམ་པ་ལ་ཐུགས་རྗེ་ལེགས་གསོལ་ཞུ་བའི་གསོལ་ཚིགས་འབུལ་བའི་དགེ་བ་བསགས་པ།

རྒྱུགས་སྤྲོད་བྱ་དགའི་སྐོར།

ཉིན་བཅུ་པ་ལ་རྒྱགས་སྤྲོད་ཨང་རིམ་སོན་པ་རྣམས་ལ་གཟེངས་བསྟོད་བྱ་དགའ་འབུལ་བའི་སྐབས་དགོན་ཁག་སོ་སོའི་སློབ་གཉེར་བཟང་གྲས་རྣམས་ལ་བྱ་དགའ་འབུལ་བ་དང་།རང་དགོན་བཀྲིས་དར་རྒྱས་དགོན་པ་ལ་མཚོན་ན་རྩོད་རྒྱུགས་བྱ་དགའ་རག་མཁན་གྲྭ་སློབ་གཉེར་བ་བཅུ་འདུགདེར་བརྟེན་དགོན་ཁག་སོ་སོའི་སློབ་གཉེར་བ་བྱ་དགའ་ཐོབ་པ་རྣམས་ནི་ངོ་མ་སྤྱིར་འཇང་དགུན་ཆོས་ཀྱི་གཟི་བརྗིད་དང་ཁྱད་པར་དགོན་ཁག་སོ་སོའི་སློབ་གཉེར་གྱི་གྲུབ་འབྲས་རེད།

སྐབས་དེར་དར་དགོན་ཁྲིམས་བདག་དགེ་སྐོས་མཆོག་གིས་དགུན་ཆོས་འདིའི་སྐབས་སུ་བྱུང་སོང་ཡོངས་རྫོགས་གསལ་བོ་གྲྭ་མང་དང་མི་མང་ཡོངས་ལ་གསལ་བསྒྲགས་གནང་བ་སོགས་དང་།

དེ་བཞིན་ཉིན་འདི་ལ་བསྟན་པའི་སྦྱིན་བདག་ཁག་དང་གྲོང་སྡེ་ཁག་ལ་བཀའ་དྲིན་ལེགས་གསོལ་ཞུ་ཆེད་གྲོང་པའི་འགོ་ཁྲིད་རྣམ་པ་ལ་བྱ་དགའི་གཟེངས་བསྟོད་ཕུལ་བ་སོགས་ཀྱི་དགེ་བ་བསགས་པ།

ཕྱི་ཚེས་༢༩ཉིན་དགོན་པ་གཞུང་ནས་དགུན་ཆོས་འདིའི་རིང་རང་དགོན་གྱི་གྲྭ་མང་རྣམ་པ་དང་ཡུལ་ལུང་འདིའི་སྡེ་མི་ཡོངས་ལ་བཀའ་དྲིན་ཆེ་ཞུའི་གསོལ་ཚིགས་དང་ཁྱིམ་ཚང་རེ་ལ་སྟོན་པ་བཀའ་དྲིན་ཅན་སྐུ་པར་དང་དར་དཀར་སོགས་ཕུལ་བའི་དགེ་བ་ཇི་སྙེད་བསགས་པ་སོགས།

དགེ་བ་བསྔོ་བ།

མདོར་ན་རང་དགོན་བཀྲིས་དར་རྒྱས་དགོན་པའི་བླ་མ་ལས་སྣེ་རྣམ་པ་ནས་ཡུལ་སྡེ་མི་མང་གི་བར་ཡོད་ཚད་ཀྱིས་ལས་དོན་ཧུར་ཐག་བྱས་པའི་དགེ་བའི་རྩ་བ་དང་།དེ་བཞིན་ས་ཕྱོགས་གང་ས་ནས་ཕེབས་པའི་དགེ་བའི་བཤེས་རྣམ་པ་ནས་སློབ་གཉེར་བ་ཡོད་ཚད་ཀྱིས་ཞོགས་པ་མང་ཇ་ཚོགས་པ་ནས་དགོང་མོའི་ཆོས་རྭར་རྩོད་པ་གནང་བའི་དགེ་རྩ་ཇི་སྙེད་བསགས་པ་དང་།དེ་བཞིན་ཆོས་ཚོགས་ཆེན་པོ་འདི་འདྲ་ཚོགས་པ་ལ་མཐུན་རྐྱེན་སྦྱར་བའི་ས་ཕྱོགས་གང་ས་ལ་བཞུགས་པའི་བསྟན་པའི་སྦྱིན་བདག་རྣམ་པས་ལྷག་བསམ་རྣམ་དག་གིས་མཆོད་འབུལ་གནང་བའི་དགེ་བའི་རྩ་བ་ཇི་སྙེད་བསགས་པའི་དགེ་རྩ་རྣམས་ཕྱོགས་གཅིག་ཏུ་སྡོམ་པའི་མཐུ་ལས་སྤྱིར་རིས་མེད་ཀྱི་བསྟན་པ་རྒྱས་པ་དང་ཁྱད་པར་དུ་འཇམ་མགོན་བླ་མའི་གསེར་སྦྱོང་གཙང་མའི་བསྟན་པ་དར་ཞིང་རྒྱས་པ་དང་།འགྲོ་ཀུན་བདེ་བ་སོགས་དང་།ཁྱད་པར་དུ་བླ་མ་བདག་ཉིད་ཆེན་པོ་སོགས་རིས་མེད་ཀྱི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་སྐུ་ཚེ་བསྐལ་བརྒྱར་བརྟན་པ།སྤྱི་སེམས་ལྡན་ཡོངས་ཀྱི་བསམ་དོན་འགྲུབ་པ་དང་ཁྱད་པར་ཁ་བ་གངས་ཅན་པའི་བསམ་དོན་ཆོས་བཞིན་དུ་འགྲུབ་པ་སོགས་ལ་བསྔོ་བ།ཡང་སྒེར་དགོན་སྡེ་འདིའི་བསྟན་པའི་མངའ་བདག་རྒྱལ་བསྟན་མཆོག་སྤྲུལ་རིན་པོ་ཆེ་དང་མཁན་རིན་པོ་ཆེ་རྗེ་བཙུན་པདྨ་བསམ་གཏན་གཙོས་བླ་སྤྲུལ་དགེ་བཤེས་ཕྱག་མཛོད་རྣམ་པའི་ཐུགས་ཀྱི་བཞེད་དགོངས་དགོན་འདི་ལ་བཤད་སྒྲུབ་ཀྱི་འཆད་ཉན་དབྱར་མཚོ་ལྟར་རྒྱས་པ་དང་།དགོན་སྡེ་ཟུང་གི་སེར་སྐྱ་ཡོངས་ཀྱི་འཕྲལ་ཕུགས་ཀྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་རྒྱུ་རུ་འགྱུར་བའི་གསོལ་བ་སྨོན་ལམ་འདེབས་རྒྱུ་ཡིན།

ཏྲེ་ཧོར་བུ་ཏོག་པ་སྒེར་གྱིས་༢༠༡༨//༣༠ཉིན་ཐད་ཀར་དྲན་བྲིས་དགེ་བསྔོའོ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།