ཡུལ་ཤུལ་གྱི་གླུ་མ་ཚེ་སྐྱིད།།

མཛེས་སོ་གཞོན་ནུའི་དབུས་ན་ཁྱེད་ཀྱི་བཞིན།།
མཐོན་མཐིང་རྒྱུ་སྐར་ཁྲོད་ན་འོད་དཀར་ཅན།།
གསེར་ལྡན་འཛིན་མའི་ཁྱོན་འདིར་གངས་ཅན་ལྗོངས།།
སྐྱེད་མོས་ཚལ་ན་པདྨ་དཀར་པོའི་མདངས།།
མཚར་སྡུག་ལང་ཚོ་དར་བས་ལྷའི་འཁྲི་ཤིང་།།
ཡིད་འོང་བཞིན་རས་མཛེས་པས་པདྨ་སྟེ།།
སྙན་སྙན་ཡིད་དབང་འགུགས་པས་ཁུ་བྱུག་གླུ།།
ཀུན་ནས་མཚུངས་པའི་གླུ་མ་ཚེ་སྐྱིད་མ།།
ཞི་བའི་དབྱིངས་ན་རྟག་བཞུགས་མཚོ་བྱུང་ལྷ།།
མ་ལུས་མཚར་སྡུག་ལང་ཚོའི་གཟུགས་བརྙན་དུ།།
སྤྲུལ་ནས་འདོད་ལྡན་འདོད་པ་སྐོང་བའི་སླད།།
བསམ་བཞིན་སྲིད་པའི་ཁྱོན་འདིར་གཤེགས་པ་བཞིན།།
ལང་ཚོའི་མཛེས་པ་པདྨོའི་ཚལ་ལ་དབང་པོའི་གཞུ་ཡིས་འཁྱུད་པ་བཞིན།།
ཀུན་ནས་ཡིད་འོང་མཛའ་བའི་ཉམས་ལྡན་པདྨ་འཛུམ་པའི་ངོ་མཚར་བཞིན།།
ཐོས་པ་ཙམ་གྱིས་ཡིད་དབང་འཕྲོག་མཁས་འབྲུག་མོའི་དགུ་སེང་དྲུག་འགྱུར་བཞིན།།
མཐོང་ན་དགའ་བ་ཚེ་སྐྱིད་མ་ཁྱོད་གཞོན་ནུའི་ཡིད་ཀྱི་མཛེས་རྒྱན་ཡིན།།
ཁྱོད་ལུས་མཛེས་པ་དུང་གི་འཁྲི་ཤིང་མཐིང་ནག་ལོ་མས་ཀུན་ནས་བཀླུབས་པའི་ངོ་མཚར་བཞིན།།
ལྟ་ན་སྡུག་པའི་མཛེས་སྡུག་བཞིན་རས་པདྨ་དཀར་པོའི་རང་མདངས་མངོན་སུམ་འཛུམ་པ་བཞིན།།
ཅི་འདྲའི་སྙན་པ་ཁུ་བྱུག་བུ་མོ་མི་རུ་བརྫུས་ནས་གླུ་དབྱངས་མངོན་སུམ་ལེན་པ་བཞིན།།
ལང་ཚོའི་བདག་པོ་ཚེ་སྐྱིད་མ་ཁྱོད་གཙང་གསུམ་ཡུལ་གྱི་རྩྭ་ཐང་དེ་ཡི་མཛེས་རྒྱན་ཡིན།།
ཤ་ཁྲག་རྡུལ་ལས་གྲུབ་པའི་ཕུང་པོ་ལ།།
མཚར་སྡུག་འདི་འདྲ་ལྡན་པ་ག་ལ་སྲིད།།
ལྷ་ཡུལ་མཛེས་པར་བྱེད་པའི་མཛེས་སྡུག་ཆ།།
མ་ལུས་མི་ཡི་གཟུགས་སུ་བཀོད་པ་འདྲ།།
ལང་ཚོ་རྨད་བྱུང་ན་ཆུང་བྱེ་བའི་གཟུགས།།
བདག་གི་འདྲེན་བྱེད་མེ་ལོང་ནང་དུ་བཀོད།།
དེ་ཚེ་ཁྱེད་ཀྱི་མཚར་སྡུག་ལང་ཚོ་ནི།།
སྐྱེད་མོས་ཚལ་ན་པདྨ་བཞིན་དུ་མཛེས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༠༣༢༠༡༡༡༥༡༨
ང་ཡང་དེ་བཞིན་ནོ།
1 ༢༠༢༠༡༠༢༠༢༡
མི་དེ་ལ་དགའ་ན་མི་དེའི་ཁྱི་ལ་ཡང་དགའ་ཟེར་བ་དེ་ཅིས་མི་བདེན་ཨང་། སྐུ་རྩེད་ཞུས་གང་ཉིད་ཀྱི་རྩོམ་རྩལ་ལ་གུས་ནས་ཡིད་རང་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།