དྲུག་འགྱུར་མེད་པའི་གླུ་ལེན།

ཡ་ཡ་ཁོ་རེ་ཨ་ཕོ་དགའ་དགའ་ཁྱོད་རྟ་ཁ་སྲབ་ཀྱིས་འཐེན་ཞབས་འོག་ཡོབ་ཆེན་བརྒྱབས། ལག་གཡས་པའི་འགྲམ་པ་སྐྱོར། གཡོན་པས་དུ་ཚག་ལ་འཆང་སྟེ་ཤམ་བྷ་ལ་ཡི་ཐང་ཆེན་དུ་སྒུག་ཡོད་པར་དགའ་བསུ་ཡོད། ཡ་དྭ་ངས་རིག་པའི་རལ་གྲི་དེ་ཀླད་པའི་ཤུབ་ནས་འཕྱུང་སྟེ། སྐྱེན་པའི་སེན་བཅུ་དེ་ཡང་པའི་ཀློག་ཀླད་ཐོག་བཞག་ནས་ཁྱོད་ལ་དྲུག་འགྱུར་མེད་པའི་གླུ་ཞིག་འཕུལ་རྒྱུ་ལགས་ན་རྣ་མ་གཡེང་གསན་པར་མཛོད།
གླུ་ཨ་ལ་་་་་་་་་་་་། ཐ་ལ་་་་་་་་་་་་།
ངས་ཡར་མཆོད་འཇམ་དབྱངས་དམར་པོར་མཆོད། །རིག་རལ་གྲི་ཐེངས་གཅིག་གཡར་བར་ཞུ།
ངས་བར་མཆོད་ཕྱག་ན་རྡོ་རྗེ་མཆོད། །མཐུ་ནུས་སྟོབས་སྩལ་བའི་གསོལ་འདེབས་ཞུ།
ས་འདི་ཕྱོགས་ས་ངོ་མ་ཤེས་ན། །གནས་ཤམ་བྷ་ལ་ཡི་གྲོང་འཁྱེར་རེད།
བུ་མཁས་པས་རིག་རྩལ་འགྲན་ས་རེད། །ཕ་བཟང་པོའི་རྒྱུད་པ་སྤེལ་ས་རེད།
མི་ང་འདྲ་ང་ངོ་མ་ཤེས་ན། །མཐོ་གངས་རིའི་མི་འུ་གདུང་དྲུག་རྒྱུད།
ཕ་མེས་པོ་དཔའ་བོའི་གདུང་རྒྱུད་ཡིན། །མ་སྲུ་མོ་གཤིས་བཟང་དགུ་འཛོམས་ཡིན།
ལྷོ་འཛམ་གླིང་སྟོབས་ཆེ་ཨ་རིས་དེ། །དེང་ཚན་རིག་ཆོལ་འཕྲུལ་བསྟན་ས་རེད།
རྗེ་བླ་མས་གདུལ་བྱ་འདུལ་ས་རེད། །ཕོ་ང་རང་མི་ཚེ་སྐྱེལ་ས་རེད།
གནས་ཆེན་པོ་སྰ་ར་མཐོ་སློབ་ནས། །ཤེས་རིག་པའི་མཐོ་རིམ་ལག་འཁྱེར་ལེན།
བོད་རྒྱ་ནག་དཀར་གསུམ་སྐད་ཡིག་དེ། །ཁ་ཁོག་པ་གཉིས་ནང་གསལ་ལེ་ཡིན།
དཔའ་ཡར་མེད་ཟེར་ན་མི་ཤེས་ཏེ། །དཔུང་ཡར་འགྲན་བྱེད་མཁན་བྱུང་མྱོང་མེད།
རྒྱབ་རིག་པ་འབུམ་གྱི་དཔུང་ཡ་ཡོད། །དོན་དགག་བཞག་དཔྱད་པའི་ཁ་ལྕེ་ཡོད།
གཏེར་བང་མཛོད་བདག་ལ་མེད་མོད་ཀྱང་། །འཚོ་རང་མགོ་ཐོན་པའི་ཌོ་ལག་ཡོད།
གསེར་རིན་ཆེན་རྒྱན་ཆ་མེད་ཀྱང་རུང་། །དངུལ་ཁྲི་ཚོ་རྒལ་བའི་དངུལ་འཛིན་ཡོད།
གླིང་གསེར་ཁྲི་བརྗེ་འཇོག་རྟ་རྒྱུག་འདི། །རྒྱུག་དགོས་དོན་རྩ་བ་བཤད་པ་ན།
གླིང་སྡེ་གསུམ་མི་རྒས་རྟ་རྒས་ཆགས། །ཁང་སྟེང་འོག་བྱང་རྒས་ཕྲ་མོ་ཆགས།
བུ་ཡ་ཚར་དཔའ་རྩལ་འགྲན་ཆེད་རེད། །རྟ་འདོ་བ་བང་རྩལ་འགྲན་ཆེད་རེད།
གླིང་སྡེ་གསུམ་གཡང་ལས་སྐྱོབ་ཆེད་རེད། །དགྲ་གདུད་རྒྱལ་དམ་ལ་བཏགས་ཆེད་རེད།
བོད་བཙལ་བྱོལ་གཞུང་གི་བཀའ་ཁྲི་དེ། །འདེབས་དགོས་པའི་རྩ་བ་བཤད་པ་ན།
བོད་གཞུང་འབང་དམངས་གཙོ་འགྱུར་ཆེད་རེད། །དོན་ངོ་མ་རང་ཡུལ་སྐྱོབ་ཆེད་རེད །
དུས་དེང་རབས་ཤེས་འཇོན་ངོམས་ས་རེད། །ཕོ་ཡ་ཚར་གདན་ས་བཟུང་ས་རེད།
བུ་མཁས་དབང་བློ་བཟང་སེངྒེ་དེ། །ཕོ་ཡ་ཚར་ནང་གི་ཡང་རྩེ་རེད། །
འདི་མི་རབས་གཉིས་ཀྱི་བར་མཚམས་སུ། །རྗེ་བླ་མས་གཞོན་སྐྱེས་དགོས་ཅེས་གསུངས། །
བོད་མི་རིགས་བསམ་ན་སྤྱི་དོན་ཡིན། །རྗེ་བླ་མའི་བཀའ་སྒྲུབ་རང་དོན་ཡིན། །
དེང་འཛམ་གླིང་མཁས་པའི་དཀྱིལ་མོ་རུ། །བོད་བདེན་དོན་འཁོར་ཡུག་མ་སྐྲུན་པར། །
རི་རྡ་ས་སྲ་བརྟན་བཟུང་ཙམ་གྱིས། །བོད་ཕྱི་ནང་བདེན་དོན་འགྲུབ་ལེ་མིན། །
བུ་སེངྒེ་གངས་ཁྲི་མ་འཛིན་པར། །བོད་བདེན་དོན་མཁས་པས་བགྲོ་གླེང་མེད། །
ད་བོད་རྒྱ་བགྲོ་གླེང་བྱེད་ཙམ་གྱི། །དོན་ཡང་སྙིང་ཅི་ཡོད་ཁྱོད་ཀྱིས་ཤེས། །
བློ་རིག་པས་མདུན་དོན་མ་རྟོགས་ན། །ཐུགས་བརླིང་པས་དངོས་གྲུབ་རག་རྒྱུ་མེད། །
ཁོག་ཐབས་ཤེས་སྙིང་རྩ་མི་ལྡན་ན། །གཏིང་རྒྱ་མཚོར་ཉ་སྦལ་མང་ས་རེད། །
གནད་འདི་ཚོ་ཁྱོད་ཀྱིས་མི་ཤེས་ཀྱང་། །འབང་མི་དམངས་ཤེས་ནས་འོས་ཁྲི་རྒལ། །
ཁྱོད་ཤེས་པའི་བཀྲ་ཤིས་དབང་འདུལ་དེ། །དུས་སྔ་དགུང་གཉིས་ལ་ལམ་ཕྱོགས་གཉིས། །
བོད་བཀའ་བསྟན་གཞན་བསྒྱུར་དགོས་དོན་དེ། །ལྷོ་འཛམ་གླིང་ཞི་བདེ་ཆགས་ཕྱིར་དང་།
།བོད་ནང་བསྟན་གོང་མཐོར་སྤེལ་ཕྱིར་ཡིན། །འདིར་འཛམ་གླིང་དམག་གིས་འཇིགས་ཉེ་སྐབས། །
རྒྱུ་རྟེན་འབྲེལ་སྤྱོད་པ་འཚེ་མེད་དེ། །དུས་མཐའ་མའི་མི་རྣམས་ཤེས་བྱས་ནས། །
གནས་ཞི་བདེ་བསམ་ནས་སྤྱི་དོན་གླེང་། །སྒོས་ཤྰཀྱའི་རྒྱལ་པོའི་བསྟན་པ་དེ། །
བོད་ཟང་ཟིང་དུས་འདིར་མ་བརླག་པར། །རྗེ་བླ་མའི་ཐུགས་དགོངས་ཇི་བཞིན་དུ། །
གནས་འཛམ་གླིང་ཁྱབ་པར་སྒེར་གླེང་ཡིན། །གཏམ་དྲང་མོ་མདའ་ཡི་གཟུགས་སུ་སྐྲུན། །
བློ་ཐབས་ཤེས་གཞུ་མོ་འགུག་འགུག་ནས། །ལག་མཛུབ་མོ་བཅུ་ཡིས་འགུལ་ཐེངས་གཅིག །
ཁྱོད་གདོང་ཐོག་བཀག་སྟེ་འཕང་ནས་ཡོད། །གླུ་གོ་ན་རྩོད་མེད་འགྲེལ་མེད་ཡིན། །
གླུ་མ་གོ་རྩོད་འགོ་རྐྱང་ནི་ཡོད། །ཁྱོད་དགའ་དགའ་དགའ་རྒྱུ་ཅི་ཡོད་བལྟ། །
ཞེས་ཀློག་ཀླད་ཀྱི་ཤེལ་སྒོ་གྲུ་བཞི་ནང་མིག་ཟུང་གིས་བྱ་ར་བྱེད་བཞིན་དུ་ལག་ཟུང་གིས་དམག་སྒར་རྒྱབ་ནས་ཡོད། ད་འདིར་ཨ་ཕོ་དགའ་དགའ་ཡོད་ན་ཕེབས་ཤོག ཨ་ཕ་ཅོ་རི་ཡོད་ན་ཕེབས་ཤོག ཨ་ཁུ་རྒྱ་སྟུག་ཡོད་ན་ཕེབས་ཤོག དཔའ་རྒྱབ་དང་དཔུང་སྒྲིག་ཡོད་ན་ཤོག ང་ས་ཐོག་གནས་པའི་འབྲུག་རྒྱལ། གནམ་ཐོག་འཕུར་བའི་འབྲུག་རྒྱལ། གནམ་ས་བར་གྱི་འབྲུག་རྒྱལ་གྱིས་སྒུག་ནས་བསྡད་ཡོད་དོ། །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།