ཅོ་རི་ལ་སྤྲིངས་པའི་འཕྲིན།

ཚེ་རྫོགས་སངས་རྒྱས་པའི་རྣལ་འབྱོར་དང་། །
རྟེན་གྲུབ་པ་ཐོབ་པའི་སྐྱེ་བུ་གཉིས། །

གངས་དཀར་པོའི་གཏམ་རྒྱུས་གསེབ་ནས་ཡལ། །

ཁྱོད་ང་གཉིས་མཇལ་བའི་སྐལ་བ་མེད། །
ལྷོ་འཛམ་གླིང་ཁ་བསྒྱུར་རྒྱལ་པོ་དང་། །
རྟེན་ནོར་བུ་ནང་དུ་འདྲེན་མཛད་གཉིས། །

མཐོ་སྒང་པའི་ལོ་རྒྱུས་ཁྲོད་ན་ཐིམས། །

ཁྱོད་ང་གཉིས་གླེང་བའི་སྐལ་བ་མེད། །

སྟོད་གངས་རི་ཚང་གི་སྒོ་ཁ་ན། །

རྒྱ་ཁྲི་སྟོང་དམག་གིས་སྐོར་ཉིན་མོ། །

བོད་ཡབ་མེས་རྣམ་ཤེས་ཁྲག་ཏུ་ཐིམས། །

ཁྱོད་ང་གཉིས་དཔུང་ངོམས་སྐལ་བ་མེད། །

གླིང་སྡེ་ས་ཧོར་ལ་ཤོར་བའི་རྗེས། །

ནང་ཕ་ཁུ་དོན་མེད་འཁྲུག་ཉིན་མོ། །

བུ་བསོད་ཟད་སྐྱེས་བ་སླང་བའི་དུས། །

ཁྱོད་ང་གཉིས་དཔར་ངར་ཇི་ཆེ་རེད། །

གཞིས་ས་བདག་དགྲ་ལ་ཤོར་བའི་རྗེས། །

རྩྭ་རྩོད་པའི་ཕུ་ནུ་སྲོག་ལེན་རེད། །

བོད་སྲིད་དབང་རྒྱ་ལ་ཤོར་བའི་རྗེས། །

ཁྱོད་ང་གཉིས་བཀའ་ཁྲིར་རྩོད་པ་རེད། །

རྗེ་༧་རྒྱལ་བའི་དགོངས་པར་གཞོན་སྐྱེས་རེད། །

བོད་བདེན་དོན་མི་རབས་བརྒྱུད་སྤེལ་རེད། །

བུ་ཅོ་རི་ཐུགས་ལ་རྒན་ཁོག་རེད། །

བོད་བདེན་དོན་ཕྱིར་བསྡུར་བྱེད་འདོད་རེད། །

བོད་མི་རིགས་བསམ་ན་བརྒྱུད་སྤེལ་བྱོས། །

རྒྱ་དམར་པོ་བསམ་ན་བརྒྱུར་ཆད་བྱོས། །

འདི་ཆབ་སྲིད་གཅིག་གི་སྐྱོག་མཚམས་རེད། །

ཁྱོད་ང་གཉིས་དམིགས་ཡུལ་ཁ་ཁ་རེད། །

ཕ་བཀྲས་མཐོང་སྐུ་དྲག་རྒྱུད་འཛིན་རེད། །
བུ་བློ་སེང་དབུལ་པོའི་ཁྱིམ་རྒྱུད་རེད། །

མཚན་གོ་གནས་གནམ་ས་ཁྱད་པ་རེད། །

ཁྱོད་ང་གཉིས་གདམ་ཀ་མི་འདྲ་རེད། །

ཕ་བཀྲས་མཐོང་དགུང་ལོ་དྲུག་བཅུ་རེད། །

བུ་བློ་སེང་ལོ་གྲངས་བཞི་བཅུ་རེད། །

ལོ་བསྡུར་ན་ཉིས་ཤུ་ཁྱད་པར་རེད། །

ཁྱོད་ང་གཉིས་ཡིད་གཏད་ཁ་ཁ་རེད། །

ཕ་བཀྲས་མཐོང་ལྐོག་ཟ་རུས་སུང་རེད། །

བུ་བློ་སེང་ལྐོག་མེད་མངོན་གྱུར་རེད། །

ཁྱོད་ང་གཉིས་དམིགས་ས་ཁ་ཁ་རེད། །

ཕ་བཀྲས་མཐོང་གཡུ་འབྲུག་རལ་ཟད་རེད། །

བུ་བློ་སེང་ཁྱུང་ཆེན་མཁའ་ལྡིང་རེད། །

ཐོག་ནམ་མཁའི་དབྱིངས་ཀྱི་ཁྲུང་འབྲུག་རེད། །

ཁྱོད་ང་གཉིས་ཡིད་ཆེས་སོ་སོ་རེད། །

ཕ་བཀྲས་མཐོང་གཏམ་གླེང་ནང་སྦུབ་རེད། །

བུ་བློ་སེང་གཏམ་གླེང་ཕྱིར་གསལ་རེད། །

འདི་མི་རབས་གསར་རྙིང་ཁྱད་པ་རེད། །

ཁྱོད་ང་གཉིས་ལམ་ཕྱོགས་མི་མཐུན་རེད། །

ཕ་བཀྲས་མཐོང་རྒྱ་དྲི་དྲོ་ལ་ཞེད། །

བུ་བློ་སེང་རྒྱ་མགོ་བསྡུ་ནས་ཡོང་། །

བོད་བདེན་མཐའ་སེལ་སྟངས་ཁ་ཁ་རེད། །

ཁྱོད་ང་གཉིས་དམིགས་ཡུལ་མི་གཅིག་རེད། །

ཕ་བཀྲས་མཐོང་མགོ་སེར་མག་པ་རེད། །

བུ་བློ་སེང་མི་རྒྱུད་བོད་པ་རེད། །

བོད་ཤ་ཞེན་ཡོད་མེད་ཁ་ཁ་རེད། །

ཁྱོད་ང་གཉིས་ཞེན་ས་མི་འདྲ་རེད། །

ཕ་བཀྲས་མཐོང་ནུབ་ཁའི་ཉི་མ་རེད། །

བུ་བློ་སེང་ཤར་རི་ཉི་མ་རེད། །

དུས་སྔ་དགུང་འོད་རླབས་མི་འདྲ་རེད། །

ཁྱོད་ང་གཉིས་ཁ་ཕྱོགས་མི་གཅིག་རེད། །

རྒྱུ་དངོས་པོ་སྤྲད་ནས་ཉོ་རྒྱུ་མེད། །

གྲི་མདའ་མདུང་འཕྱར་ནས་འགོག་རྒྱུ་མེད། །

འདི་དམངས་གཙོ་རང་དབང་ཐོབ་ཐང་རེད། །

ལུང་གཏན་ཚིག་མེད་ན་སྨྱོ་གཏམ་རེད། །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།