ཤམ་བྷ་ལའི་རྒྱ་སྒོ་རྡུང་བ།

ཤམ་བྷ་ལའི་རྒྱ་སྒོ་རྡུང་བ།
ཤེས་བྱའི་ནམ་འཕང་གཅོད་པའི་གཤོག་རླབས་དེ་མེད་ཀྱང་། །
བརྩོན་པའི་རྟ་ལ་སྐུལ་བའི་ལྕགས་ཚལ་ཞིག་ཞུས་ཏེ། །
མ་རིག་རྨོངས་པ་རྒལ་ནས་ཤམ་བྷ་ལའི་དྲུང་དུ། །
རེ་བའི་མིག་ཟུང་ལྡང་སྟེ་རྒྱ་སྒོ་དེ་རྡུང་ཡོད། །
དབྱངས་ཅན་རྒྱུད་མང་དཀྲོལ་བའི་སྐལ་བ་དེ་དབེན་ཀྱང་། །
སེམས་ཀྱི་ཚོར་སྣང་ཞིག་གིས་སྨྱུ་གུ་དེ་ཟིན་དུས། །
ལྐུག་པས་ལག་བརྡ་ཚུལ་དུ་ཤམ་བྷ་ལའི་མདུན་ནས། །
རེ་བའི་ཁ་ཆུ་ཟག་བཞིན་རྒྱ་སྒོ་དེ་རྡུང་ཡོད། །
མི་རིགས་བདེན་དོན་སྒྲུབ་ལ་སྙིང་སྟོབས་དེ་མེད་ཀྱང་། །
མི་ཡི་ཟུངས་ཁྲག་དྲོན་མོ་ཡབ་མེས་ནས་བརྒྱུད་དུས། །
མི་ཡུལ་ས་མཐའ་ཞིག་ནས་ཤམ་བྷ་ལར་ཡོང་སྟེ། །
མི་འགྱུར་རེ་བ་ཞིག་གིས་རྒྱ་སྒོ་དེ་རྡུང་ཡོད། །
འཆར་སྣང་ལྷ་སྒྲུང་རིང་མོའི་ཞིང་ཁམས་དེ་མི་དགོས། །
ཕྱོགས་གཏམ་འུར་གྱིས་ཁེངས་པའི་འཇིག་རྟེན་མི་དགོས། །
བདེན་པའི་དོན་ལ་གཏན་ཚིག་ཕྲ་རྒྱན་ཞིག་ཡོད་ན། །
དུས་རབས་ཉེར་གཅིག་ནང་གི་ཤམ་བྷ་ལ་ཡིན་འགྲོ། །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: