QQརྒྱུད་ཀྱི་གླེང་མོལ།

དྲ་གྲོགས་ཚོ་ཕ་ཡུལ་དང་ཕ་མ་དྲན་པའི་དབུགས་རིང་རེ་རེ་དང་།  ཁྱར་ཁྱོར་གྱི་གོམས་ཁ་རེ་རེ་དལ་གྱིས་བསྒྱུར་སོང་། ངས་བསམ་བློ་ནང་དུ་ཕྱོགས་ཏེ་བལྟས་སྐབས་སླར་ཡང་ཐ་ཤལ་བ་ང་དྲ་རྒྱ་ཁང་དུ་སླེབས་འདུག  དེ་ནས་ངས་QQཁ་ཕྱེད་དེ་བོད་ནས་ཡིན་པའི་དྲ་གྲོགས་ཤིག་དང་གླེང་མོལ་བྱེད་པར་འགོ་བརྩམས་པ་ཡིན།

 

དྲ་གྲོགས་དེས་ང་ལ་’’ཁྱོད་གང་དུ་ཡོད་’’ཅེས་དྲིས་པར་ངས་’’ཚ་བའི་རང་བཞིན་ཁེངས་པའི་ལུས་ཀྱི་རྔུལ་ཆུ་དང་ཕ་ཡུལ་དང་ཕ་མ་དྲན་གདུང་གིས་མནར་བའི་མིག་ཆུ་གཉིས་ཀྱིས་བསྐྲུན་པའི་རྒྱ་མཚོའི་ཉེ་འགྲམ་དུ་ཡོད་’’ཅེས་བརྗོད།  ཁོང་གིས་’’ཨོ!ཁྱོད་ངོ་མ་རྒྱ་གར་དུ་ཡོད་ཨེ་’’ཞེས་ཟེར།  ངས་’’ཡོད་’’ཅེས་ལབ། ཁོང་གིས་སྐྱོ་སྣང་ངང་’’ཁྱོད་བསྐྱིད་པའི་ལྷ་ཡུལ་ན་ཡོད། འོན་ཀྱང་།  ང་ནི་འདར་སིག་སིག་གིས་གཡོ་བའི་ཁྲ་ཆུང་ལག་འོག་གི་བྱིའུ་དང་ལུས་ཀྱི་བར་སྤུ་གྲང་ངར་གྱིས་གཡོ་བའི་བྱེ་ཐང་སྟེང་གི་བྱིའུ་ཞིག་དང་གཉིས་སུ་མ་མཆིས།  ངོ་མ་ང་ཉིན་ལ་འགྲོ་ན་ཉི་གཡོ་དང་མཚན་ལ་འགྲོ་ན་རླུང་གཡོ་མེད་པའི་ཁེར་རྐྱང་བ་ཞིག་རང་རེད་’’ཅེས་དགོད་ཞོར་དུ་མུད་མཐུད་ནས་’’ཁྱོད་ཀྱི་བཤད་པ་དེ་ཡང་བདེན་པ་རེད།  ང་ཡང་རྒྱ་གར་ནས་ཕྱིར་ལོག་བྱས་པའི་སློབ་ཕྲུག་ཞིག་ཡིན།

ངས་ཀྱང་ཕ་མ་དྲན་པའི་མིག་ཆུ་དང་ཤོག་བུའི་ཐོག་གི་སྣག་ཚ་འདྲེས་ཏེ་ཡི་གེ་མི་མངོན་པའི་བྲིས་དེབ་མང་པོ་ཡོད།    རེད་དེ།   ང་དངོས་སུ་ཕ་ཡུལ་སླེབས་རྗེས་ཕ་ཡུལ་ནི་ཧ་ཅང་འགྱུར་འདུག་ལ།   ངའི་གོམས་གཤིས་དང་མི་དེ་དག་གི་གོམས་གཤིས་མི་མཐུན། ཐ་ན།  ཁ་སྐད་ཀྱང་མི་མཐུན་པས་ང་ཟུར་དུ་མཐོན་པའི་ཁེར་རྐྱང་གི་མི་ཞིག་རེད།   མ་ཟད་ང་གང་འགྲོ་དང་ངས་གང་བྱེད་ལ་སོ་ལྟ་བྱེད་མཁན་མི་ཉུང་བ་ཞིག་འདུག   མདོར་ན།  ང་འཇིགས་སྣང་དང་།   དངངས་སྐྲག་གིས་མནར་བའི་དྲ་བ་ལྟ་བུ་ཞིག་གི་ནང་དུ་ཚུད་སོང་’’ཞེས་བརྗོད་བྱུང་།   ངས་’’འོ་ན།  ཁྱོད་ཚུལ་མི་ཡོང་གང་ཡིན་’’ཞེས་དྲིས་པར་ཁོང་གིས་’’དེ་འདྲ་ལས་སླ་པོ་ཡོད་རེད་པས།    ད་ལྟ་དམ་དྲག་ཆེ་བའི་སྒང་རེད་ལ།   ངའི་ཕ་མ་གཉིས་ཀྱིས་ང་རྒྱ་གར་དུ་མི་གཏོང་བའི་མཛུབ་ཐལ་བརྒྱབས་ཟིན་’’ཞེས་ཟེར།   ཡང་’’ཁྱོད་དངོས་གནས་བསྐྱིད་པོ་རེད།   ཕ་མ་དང་ཕ་ཡུལ་དྲན་པ་ཙམ་ལས་འཇིགས་སྣང་དང་།   དངངས་སྐྲག་སོགས་ག་ནས་ཡོད།

སོ་སོས་གང་བྱེད་རང་དབང་རེད་’’ཅེས་བརྗོད།   སྐབས་དེར་ངས་ཕ་ཡུལ་དང་ཕ་མ་དྲན་དེ་ཡང་ཡལ་ཟིན་ལ།   ངའི་བསམ་བློ་ཡང་གང་དུ་ཕྱོགས་མིན་མི་ཤེས།   མ་ཟད།   ངས་ཁོང་ལ་ག་རེ་བཤད་དགོས་མིན་ཀྱང་མི་ཤེས་པར་བྲིལ་ལ་འཚུབ་འཚུབ་ངང་’’ངའི་དུས་ཚོད་རྫོགས་སོང་རྗེས་མར་མཇལ་ཡོང་’’ཞེས་བཤད་དེ་ལམ་སང་QQཁ་བརྒྱབས་པ་ཡིན།  དྲ་གྲོགས་ཚོ་གལ་ཏེ་ཁོང་དང་གླེང་མོལ་བྱེད་མཁན་དེ་ཁྱོད་ཡིན་ན་ཁོང་ལ་གང་བརྗོད་ས་རེད།   ངོ་མ་དྲན་གདུང་གིས་མནར་བའི་སྡུག་བསྔལ་ལས་སྡུག་གྱོང་མནར་གཅོད་དང་འཇིགས་སྣང་དངངས་སྐྲག་སོགས་ཀྱིས་མནར་བ་དེ་མི་བཟོད་པ་ཞིག་རེད་མི་འདུག་གམ།    ང་ཚོའི་བོད་པའི་ལས་དབང་དེ་དེ་འདྲའི་ཡ་ང་བ་ལ།    ཨང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (8)
8 ༢༤༢༠༡༡༡༦༡༦
དྲ་ལམ་QQརྒྱུད་ནས་ཨེ་འཕྲད་བལྟ།།
མཛའ་བརྩེ་སྐྱ་རེངས་འོག་ནས་ཨེ་གསལ་བལྟ།།
མ་གོྲས་བསམ་པ་གཅིག་མཐུན་དྲ་གྲོགས་ལགས།།
ཁྱོད་ཀྱི་QQཨང་གྲང་རེ་སྒུག་བྱེད།།
qq
7 ༢༣༢༠༡༡༢༣༤༦
སེམས་པ་qqདྲན་པའི་ཚཽར་བ་དེ།།
ད་དུང་ཁྱོད་ལ་དགོས་མཁོ་བྱུང་འདུག་ན།།
ཁོ་བོས་qqཨང་གྲངས་ཁྱོད་ལ་སྦྱིན།།
དེ་ལ་འབྲེལ་བ་བྱེད་མིན་ཁྱོད་རང་ཤེས།།
ང་དང་ཁྱོད་ཀྱིས་སྨོན་ལམ་ཟབ་མོ་དང་།།
རྒྱུ་འབྲས་རྟེན་འབྱུང་བསླུ་བ་མེད་པ་ཡིས།།
ཤ་ཁྲག་མཐུན་པའི་མཛའ་བརྩེ་ཉིན་མོ་ཞིག།
ཞི་བདེ་སྐྱ་རེངས་རྗེས་སུ་འཆར་བ་ངེས།།
ང་དང་ཁྱོད་ཀྱི་ཕ་མ་གཅིག་མིན་པས།།
ད་ལྟ་ཕན་ཚུན་ངོ་ཤེས་མེད་ནའང་།།
ཤ་རུས་ཁྲག་རྒྱུན་གཅིག་པའི་ལས་དབང་གིས།།
འུ་གཉིས་མཛའ་རྩེ་གཅིག་མཐུན་ཡོང་བར་སྨོན།།

ལགས་ང་དང་ཁྱོད་ཀྱི་བར་ལ་མཛའ་མཐུན་ཞིག་ཡོད་དམ་མེད།
4 ༢༢༢༠༡༡༢༢༣༦
སྨར་ཁམས་ཀུན་དགའ།
ཡག་བྱུང་།

སྨྲ་ཚིག་གཏུམ་པོ་གྲང་ངར་ཇི་ཆེ་ཡང་།།
ལྷག་བསམ་དཀར་པོ་དར་གོས་གངས་བཀླུབསཔའི།།
ཤམ་བྷ་ལ་ཡི་གངས་ལྗོངས་ཡུལ་ལུང་འདི།།
ང་ཡིས་སྙིང་ཁོངས་གཅེས་པའི་ཕ་ས་ཡིན།།
3 ༢༡༢༠༡༡༢༠༥༩
ལྷག་བསམ་རྣམ་པར་དག་པའི་ཁ་བརྡ་དེ།།
རྩོམ་མཁན་ཁྱོད་ཀྱི་སྙན་དུ་སོང་བ་འདིས།།
ང་དང་ཁྱོད་ཅེས་འཐབ་པའི་གཡུལ་ས་རུ།།
ཁྱོད་ལ་ཞི་དུལ་བག་ཙམ་ཡོད་པ་མཐོང་།།

འོན་ཀྱང་ཡི་གེ་འབྲི་བའི་སྙན་རྩོམ་མཁན།།
ཐབས་ཆག་ཙམ་གྱིས་ཡོང་པ་མི་འགྱུར་བས།།
ལེགས་བཤད་གཏམ་གྱིས་སྙན་དབང་འཕྲོག་ནུས་ན།།
ད་གཟོད་སྙན་རྩོམ་མཁན་གྱི་གྲལ་མཐར་ཟིན།།

དེར་བརྟེན་སང་གི་ཉིན་པར་འཆི་ངེས་ཀྱང་།།
ད་ལྟ་འབད་པའི་ཁུར་པོ་ཁུར་བ་ཡིས།།
དོ་དགོང་སྙན་ངག་མཁན་ཞིག་འགྱུར་སོང་ན།།
མི་ཚེ་འདི་ལ་དོན་ཞིག་ཐོན་པ་ཡིན།།

དྲ་གྲོགས་ལགས་རྕེད་མོ་ཡིན་དགོངས་འགལ་མེད་པར་ཞུ།
2 ༢༡༢༠༡༡༡༧༢༨
སྨར་ཁམས་ཀུན་དགའ།
རེད་ཡ་ངས་ཀྱང་དེ་ལྟར་བསམ་
འོན་ཀྱང་སྐབས་དེར་ང་ཅི་བཤད་མི་འཚོར་བར་འགྱུར་ཅིང།
སེམས་ནང་དྲན་པའི་སྐད་ཆ་ཡང་ཁ་ནང་མཐོན་གྱིན་མི་འདུག།
ངས་དེ་ཚང་མ་ལ་དགོངས་སིལ་ཞུ་རྒྱུ་རང་ལས་ལྷག་མ་སོང།
1 ༢༠༢༠༡༡༡༣༡༦
རྩོམ་པ་པོ་ལགས།
ཁྱེད་ཀྱིས་qqསྒོ་ལམ་སང་རྒྱག་པ་ནི་ནོར་འཁྲུལ་རེད་གང་ཡིན་ཞེ་ན་ཡིད་སྐྱོ་བའི་མི་ལ་ཡིད་གསོས་གཏང་དགོས་པ་ནི་ང་ཚོའི་འོས་འགན་ཡིན་པས་སོ།
དགོངས་འགལ་མེད་པར་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།