གངས་རི་དང་ཨ་མ་་་་གངས་ཆུ་དང་ང།།

གངས་རིའི་རྩེ་ནས་བཞུར་བའི།།                                     བྱམས་བསྐྱོང་ཨ་མའི་དཔུང་གི།
གངས་ཆུ་རྫ་ཆུ་གྲུང་མ།།                                               ལས་དབང་དེད་པའི་བུ་ཆུང་།།
གངས་སུལ་བཀྱག་བཀྱོག་ཁྲོད་ནས།།                                དྲག་ཆར་རླུང་འཚུབ་ཁྲོད་ནས།།
གངས་རིའི་མདའ་ལ་སླེབས་སོང།།                                   མི་ཡུལ་འགྲོ་དགོས་བྱུང་སོང་།།
 
གངས་རིའི་འོད་མདངས་དཀར་པོ།།                                དཀར་འཛུམ་ཨ་མའི་ཞལ་རས།།
གངས་ཆུས་མིག་གིས་མི་མཐོང་།།                                    ཟླ་བའི་གཟུགས་བརྙན་འདྲ་བྱུང་།།
གངས་རི་དྲན་པའི་བསིལ་རླུང་།།                                    དྲན་ཤེས་མེ་ལོང་ངོས་ནས།།
གངས་ཕྱོགས་རྟག་ཏུ་འཁོར་ཡོད།།                                  ཡལ་རྒྱུ་མེད་ན་བསམ་བྱུང་།།
 
 
གངས་རིའི་རྩེ་ནས་ཤར་བའི།།                                        ལས་དབང་བཀོད་པའི་ལྷོ་མཐར།།
གངས་ཅན་ཉིན་གཞོན་མགྲོན་པོ།།                                   སྐྱོ་གདུང་བརྫང་པའི་བུ་ཆུང་།།
གངས་རི་མཐོང་ནི་ཨེ་བྱུང་།།                                         སྐྱོ་ངག་ཕྲེང་བ་བགྲང་ཞིང་།།
གངས་མདོག་ལོག་ནི་ཨེ་འདུག།                                      དྲན་གདུང་མིག་ཆུ་འདྲེན་བྱུང་།།
 
ཨ་མ་་་ཨ་མ་་ཁྱེད་བདེ་མོ་ཨེ་ཡིན།
ཁྱེད་ཀྱིས་སོམས་དང་་་་
གངས་རི་དང་ཁྱེད།        གངས་ཆུ་དང་ང་་་་ཅི་ནས་མི་མཚུངས།
འོན་ཀྱང་།       གངས་ཆུ་ཐུར་དུ་འབབ་པ་ནི་འཇིག་རྟེན་པའི་ཆོས་ཉིད།
ང་ཁྱེད་དང་བྲལ་དགོས་པ་ནི་ལས་དབང་ཞིག་མ་ཡིན་ནམ།
ཚ་བས་རང་བཞིན་ཁེངས་པའི་ལྷོ་མཐའ་འདི།
ངས་འཇིག་རྟེན་དུ་མྱོང་དགོས་པའི་དམྱལ་ཁམས་རང་ཨེ་ཡིན།
ཨ་མ་ལགས།
ངས་འདི་ལྟར་བརྗོད་དུས་ཁྱེད་ཀྱིས་ང་ཡིད་ཐང་ཆད་འདུག་སྙམ་པའི་སེམས་མ་ཁྲེལ།   ངས་བཟོད་ཐུབ།
དྲང་པོ་བཤད་ན།  ངའི་ལས་དབང་དེ་གངས་ཅན་པའི་ལས་དབང་དང་འདྲེས་ཡོད་པས་་་
ངས་རྟག་ཏུ་གངས་ཅན་པའི་ལས་དབང་འདི་ཁ་ལོ་བསྒྱུར་ཐབས་འབད་བརྩོན་བྱེད་ཀྱིན་ཡོད།
ཨ་མ་་་་ཨ་མ་་་་ཁྱེད་མ་སྡུག་་་ཨ།
ལས་དབང་གིས་ངེད་གཉིས་མ་བུ་ཞིག་ཏུ་བཀོད་ཡོད་པས་ལྷན་འཛོམ་གྱི་གོ་སྐབས་མི་གནང་བར་མི་སྲིད།
ཨ་མ་ཁྱེད་བདེ་མོ་བྱོས་ལྷན་འཛོམ་གྱི་ཉིན་མོ་འཆར་ངེས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
རྩོམ་པ་པོ་ལགས།
ཁྱེད་ཀྱི་སྐྱོ་གདུང་ནི་སངས་དུས་ཡོད་ལ་ང་ཡི་སྐྱོ་གདུང་ནི་སངས་དུས་མེད།
གང་ཡིན་ཞེ་ན།
ཁྱེད་ཀྱི་ཨ་མ་ནི་ད་ལྟ་བོད་ཡུལ་དུ་ཡོད་ལ་ངའི་ཨ་མ་ནི་ད་ལྟ་གཤིན་ཡུལ་དུ་ཡོད་པས་སོ།
གང་ལྟར་ཡང་ང་དང་ཁྱེད་ཀྱིས་དྲན་རྒྱུ་ནི་ཨ་མའི་ཞལ་རས་དང་།
མ་བུ་མཉམ་འཛོམ་རེད།
རྒྱུ་མཚན་དེས་ན་ང་ཡང་ཁྱེད་དང་མཉམ་དུ་གངས་རི་དང་ཨ་མ་གངས་ཆུ་དང་ང་ཞེས་པའི་སྙན་ངག་འདི་གྱེར་ན་འདོད།



བརྗོད་གཞི་གཞན་ཁག་ལ་གཟིགས།