འཛམ་གླིང་སྤྱི་བསང་།

དེ་རིང་ནི་ལྷ་འདྲེའི་རྐྱལ་སྟོང་འགེངས་བའི་ཉིན་མོ་སྟེ། བཤད་སྲོལ་ལྟར་ན། མཁན་སློབ་ཆོས་གསུམ་ཞལ་འཛོམས་ཏེ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་བཞེངས་སྐབས་༼ཉིན་མོ་མིས་བརྩིགས་པ་ལས་མཚན་མོ་ལྷ་འདྲེས་བརྩིགས་པ་མཐོ་༽ཟེར་བ་ལྟར།  གཙུག་ལག་ཁང་རྟེན་དང་བརྟེན་པ་ཡོངས་སུ་གྲུབ་པའི་དགའ་སྟོན་དུ་ལྷ་འདྲེ་དག་ལ་ ༼བསང་གསོལ་༽གྱི་ལེགས་བསྭོའི་མཆོད་

སྤྲིན་རྒྱ་ཆེན་ཞིག་སྤྲོས་པའི་རྒྱུན་སྲོལ་ལ༼འཛམ་གླིང་སྤྱི་བསང་༽ཟེར། དུས་ཕྱིས་དགའ་ལྡན་ཕོ་བྲང་བས་༼གནས་ཆུང་དང་ལྷ་སའི་ཉེ་འཁྲིས་ལ་ཡོད་པའི་ཡུལ་ལྷ་གཞི་བདག་ཁག་གཅིག་ལ་དམིགས་བཀར་ཀྱིས་བསང་གསོལ་ཕུལ་ཅིང་རྒྱལ་ཁམས་བདེ་མིན་གྱི་ལུང་བརྟག་དང་སྐྱབས་འཇུག་ཞུ་སྲོལ་ཡོད་རབས་ཟེར། །    སླར་སྨྲས་པ།

ཆར་ཟིལ་ཉི་འོད་འཚེར་བའི་འཇའ་གུར་ལ། །
ཆོས་པས་ལྷ་ཡི་འཕྲུལ་དུ་གཟིགས་པ་ལྟར། །
ལྷ་འདྲེའི་རྐྱལ་སྟོང་བརྡུངས་བའི་འུད་གཏམ་འདི། །
དད་ལྡན་སྙན་མཆོག་གསོ་བའི་བདུད་རྩིར་གྱུར། །

ཡི་དྭགས་ལྟོ་བ་འདྲ་བའི་རྐྱལ་སྟོང་འདི། །
མི་ལོ་སྟོང་དུ་ཡོད་རྒུས་བརྒྱངས་གྱུར་ཀྱང་། །
ཚིམས་སོ་ཞེས་པའི་ལན་ཙམ་མི་སྦྱིན་དུས། །
སྤྱོད་མཁན་ཡོད་དམ་སྙམ་པའི་ཐེ་ཚོམ་བྱུང་། །

མགྲང་མེད་སྡེ་བརྒྱད་གསུས་པ་འགེངས་བའི་ཕྱིར། །
ཅནྡན་ཨ་གར་བལ་ལུ་འཁན་དཀར་དང་། །
གཡུག་ཤུག་སྐེ་སྲོག་བཅད་པའི་ནག་ཉེས་འདི། །
རང་བྱུང་འབྱུང་བའི་ཁམས་ལ་མཐོལ་ལོ་བཤགས། །

ཨ་མྱེའི་ཕོར་ཁ་ཕྲིས་པའི་ཇ་ཕུད་དང་། །
ཨ་ཕའི་ཕོར་ཁ་ཕྲིས་བའི་ཆང་ཕུད་དང་།།
ནང་མིའི་འཚོ་རྟེན་སྦྲང་དཀར་རྩམ་པ་སོགས། །
ཕངས་མེད་མེ་རུ་བཏབ་པ་མཐོལ་ལོ་བཤགས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།