༼འཁྲུངས་སྐར་དུས་ཆེན་ངོ་སྤྲོད།༽

སྟོན་པའི་འདས་ལོ་༢༥༥༥་དང་བོད་རྒྱལ་ལོ་༢༡༣༨་སྣྲོན་ཟླ་བའི་ཚེས་པ་ལྔ།  ཕྱི་ལོ་༢༠༡༡། ༧། ༦་ཉིན་མོ་འདི་ནི་འཛམ་གླིང་ཞི་བདེའི་དེད་དཔོན་རང་ཅག་གངས་ཅན་པ་རྣམས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟར་དུ་གཅེས་པར་འོས་པའི་དབུ་ཁྲིད་དམ་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན།  ༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་གང་ཉིད་དགུང་གྲངས་༧༦་ཧྲིལ་པོར་ཕེབས་པའི་སྐུ་ཡི་འཁྲུངས་སྐར་གྱི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོ་འདིར་མགོན་པོ་གང་ཉིད་ཀྱི་མཛད་རྣམ་མདོར་བསྡུས་ཤིག་ངོ་སྤྲོད་ཞུ་ན།

ཕྱི་ལོ་༡༩༣༥། ཟླ་བ་༧་ཚེས་༦་ཉིན་མོར་བོད་མདོ་ཁམས་སྟག་འཚེར་ཞེས་པའི་གྲོང་སྡེ་ཞིག་གི་ནང་དུ་ཡབ་ཆོས་སྐྱོང་མགོན་པོ་དང་ཡུམ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

ལྷ་བླའི་ལུང་བསྟན་དང་ལྷ་མོའི་མཚོ་གཟིགས་སོགས་ལས་གསལ་བ་ལྟར་དབུས་ཕྱོགས་ནས་རྒྱལ་བའི་ཡང་སྲིད་རྩད་གཅོད་ཞུ་མཁན་སྟག་འཚེར་ས་གནས་སུ་འབྱོར་བ་དང་ཆུང་སྲིད་རིན་པོ་ཆེས་ཀྱང་མི་སྣ་ཁག་དང་སྐུ་ཆས་སོགས་འཁྲུལ་མེད་དུ་ངོས་འཛིན་གནང་བར་བརྟེན་རྒྱལ་བའི་ཡང་སྲིད་འཁྲུལ་བྲལ་དུ་ངེས་པ་རྙེད།

སྐབས་དེར་སྟག་འཚེར་ས་གནས་རྨ་ཕུ་ཧྥང་གི་བདག་བཟུང་འོག་ཚུད་ཡོད་སྟབས་ཕེབས་ལམ་བདེ་མིན་གྱི་སྐུ་ངལ་ཡོད་གཤིས།  ༡༩༣༩་ལོར་གསང་སྟབས་ཀྱིས་ལྷ་ལྡན་གྲོང་ཁྱེར་དུ་ཆིབས་བསྒྱུར་བསྐྱངས་ཤིང་ཕྱི་ལོ་༡༩༤༠་ལོར་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་དུ་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་ཟབ་རྒྱས་ཞུས།

ལྷ་ལྡན་ཡུལ་དུ་ཕྱག་ཕེབས་པ་ནས་བཟུང་ཡོང་འཛིན་རྣམ་གཉིས་གཙོས་པའི་མཁས་བཙུན་བཟང་གསུམ་ལྡན་པའི་དགེ་བའི་བཤེས་གཉེན་དུ་མའི་ཞལ་སྔ་ན་གཏུགས་སྟེ་ཐུན་མིན་ནང་ཆོས་ཀྱི་གཞུང་བཀའ་པོད་ལྔ་དང་ཐུན་མོང་རིག་པའི་གཞུང་ལུགས་ཀུན་ལ་སྦྱང་བ་མཐར་སོན་ཏེ་མཚན་དོན་གཉིས་ལྡན་གྱི་ལྷ་རམས་དམ་བཅའ་ཕུལ་བ་སོགས་མཁས་པའི་གོ་འཕང་མཐོན་པོར་གཤེགས་པ་ཙམ་མ་ཟད།  སྐུ་ན་ཕྲ་མོའི་སྐབས་སུ་ཆུ་ཚོད་འཁོར་ལོ་བཅོས་སྒྲིག་གནང་རྒྱུར་དགའ་ཞིང་རྒྱང་ཤེལ་ལས་ཟླ་བའི་འཇིག་རྟེན་ལ་ལྟ་རྒྱུར་སྤྲོ་བའི་མི་བུ་ཤེས་རིག་གི་འཇུག་སྒོ་རབ་ཏུ་ཡངས་པ་ཞིག་ཀྱང་ཡིན།

༡༩༥༠་ལོར་མདོ་ཁམས་ཀྱི་ཡུལ་གྲུ་ཕལ་མོ་ཆེ་རྒྱ་དམར་དྲག་པོའི་དམག་གིས་ཧམ་བཟུང་བྱས་ཤིང་བོད་ཀྱི་བསྟན་པ་ཆབ་སྲིད་རླུང་འཚུབ་ཁྲོད་ཀྱི་མར་མེ་ལྟར་ཉམ་ཉེས་ཧ་ཅང་ཆེ་བའི་སྐབས་དེར།
བོད་ལྗོངས་ལྷ་མི་ཡོངས་ཀྱིས་གསོལ་འདེབས་ཞུས་པ་བཞིན་ལོ་དེའི་ཟླ་བ་༡༡། ༡༧་ཏེ། དགུང་ལོ་༡༦་ལས་མ་སོན་པའི་བུ་ཕྲུག་ཅིག་གིས་བོད་ཀྱི་བསྟན་པ་ཆབ་སྲིད་ཡོངས་རྫོགས་ཀྱི་འགན་དབང་བཞེས།
༡༩༥༦་ལོར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་མི་ལོ་༢༥༠༠་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བར་རྒྱ་གར་དུ་ཕེབས་པ་དང་། རྒྱ་གཞུང་གིས་གདན་ཞུས་ལྟར་རྒྱ་ནག་ཏུ་ཆིབས་བསྒྱུར་བསྐྱངས་བ་སོགས་བོད་བསྟན་སྲིད་ཀྱི་ལས་ཁུར་ཡོངས་སུ་བླངས།

༡༩༥༩་ལོར་རྒྱ་དམར་དྲག་པོའི་གཞུང་གིས་བོད་ཀྱི་སྣོད་བཅུད་ཐབས་ཅད་ཧམ་འཕྲོག་བྱས་ཤིང་སྐུ་ཉིད་རང་ཡུལ་ཤོར་བའི་བཙན་བྱོལ་བའི་གནས་སུ་གྱར་ཡང་། ལྷག་བསམ་དགུང་སྔོན་ལས་ཡངས་ཤིང་སྙིང་སྟོབས་རི་རབ་ལས་བརྟན་པའི་སེམས་བསྐྱེད་ཅིག་གིས་མ་འོངས་མི་རིགས་ཀྱི་ངོ་བོ་སྲ་བརྟན་དང་རིག་གཞུང་རྒྱུན་འཁྱོངས་ཡོང་སླད། བོད་ཕྲུག་ཁམས་གཙང་གི་སློབ་གྲྭ་དང་བོད་མི་ཁམས་གཙང་གི་གཞིས་ཆགས། གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་སོགས་འབད་པ་སྟོང་ཕྲག་གིས་བསྐྲུན་པ་དང་ཆབས་ཅིག  ཀ་བ་གསུམ་ལྡན་གྱི་མང་གཙོའི་ལམ་སྲོལ་གསར་དུ་ཕྱེས་ཏེ་གཞུང་གི་བདག་དབང་ཡོངས་རྫོགས་མི་མང་ལ་གནང་བ་སོགས་མཛད་རྗེས་བླ་ན་མེད་པར་བསྐྱངས།

ལྷག་པར་དུ་གང་ཉིད་ཀྱིས་ནང་པའི་ལྟ་སྤྱོད་དང་མཐུན་པའི་འཚེ་མེད་ཞི་བའི་ཐབས་ལམ་ཉག་གཅིག་སྟེ་ཕན་ཚུན་བསམ་ཤེས་དང་།  མཐུན་སྒྲིལ། དྲང་བདེན། བྱམས་བརྩེ་སོགས་ཀྱི་སྒོ་ནས་འཛམ་གླིང་ཞི་བདེའི་བསྟི་གནས་ཤིག་ཏུ་བསྒྱུར་ཐབས་དང་། བོད་ཀྱི་བདེན་མཐའ་གསལ་ཐབས་གནང་དང་གནང་བཞིན་པའི་མཛད་བཟང་གི་མཚན་སྙན་གོ་ལའི་ཁྱོན་ལ་ཁྱབ་ཏེ། འཛམ་གླིང་མི་མང་ཡོངས་ཀྱི་ཡིད་དབང་ཡོངས་སུ་ཕྲོགས་ནས་ཕྱི་ལོ་༡༩༨༩། ཟླ་བ་༡༢་པའི་ཚེས་པ་༡༠་ཉིན་ལ་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ཅིང་འཛམ་གླིང་ཞི་བདེའི་དེད་དཔོན་མཆོག་གི་སྐུ་རུ་བཞེངས།༢༠༠༧་་ལོར་སྙན་གྲགས་ཅན་གྱི་ཨ་རི་གསེར་གྱི་གཟེངས་རྟགས་ཐོབ་པ་སོགས་ཀྱིས་མཚོན་ཏེ་ཆེ་བསྟོད་དང་བྱ་དགའ་སོགས་གྲངས་ལས་འདས་པ་ཞིག་བཞེས་གནང་ཡོད།

ད་ལྟའི་ཆར་གང་ཉིད་སྐུ་བདེ་བཞུགས་ཐོག་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་མཛད་བཟང་སྐྱོང་མུས་ལགས་སོ། །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༣༢༠༡༥༡༡༥༩
སྟག་འཚེར་ཞེས་པའི་མིང་དེ་ཅི་ལྟར་ཐོག་པའི་འགྲེལ་བཤད་ཅིག་གསུང་རོགས།



བརྗོད་གཞི་གཞན་ཁག་ལ་གཟིགས།