ཆོས་བཤད།

དེང་སང་སྤྱིར་ན་བོད་བླ་ཆེ་མ་ཆུང་གསུམ་ཕལ་མོ་ཆེ་ཕྱི་རྒྱལ་ཡུལ་གྲུ་གང་སར་དཀོར་སྡུད་དུ་ཕེབས་རྒྱུར་བྲེལ་བཞིན་པ་ལྟར། ཡུན་རིང་མ་སོང་བའི་ལོ་ཤས་སྔོན་རྒྱ་གར་གྱི་དགོན་སྡེ་ག་གེ་མོ་ཞིག་ནས་ནང་པའི་གཞུང་ལུགས་ཁག་ལ་སྦྱང་བ་མ་སོང་བའི་བླ་མ་ཆེ་གེ་མོ་ཞིག་མ་ལེ་ཞི་ཡ་དང་། སིན་གྷ་པུར། ཧོང་ཀོང་སོགས་སུ་དཀོར་གདུལ་བྱའི་དོན་དུ་ཕེབས་ ཡོད་པར་སྣང་། ཕྱི་རྒྱལ་དུ་སླེབས་པའི་ཉིན་དང་པོ་ནས་བཟུང་ཁོང་གིས་ཉིན་གྱི་མི་དང་མཚན་མོའི་ཁྱི་ཟེར་བའི་དཔེ་ལྟར་འབད་པ་བརྒྱ་ཕྲག་གིས་ཆོས་ཚོགས་ཤིག་བཙུགས་ཐུབ་ཙམ་བྱུང་བ་འདྲ། སྤྱིར་བཏང་རྒྱ་རིགས་ཀྱི་སློབ་མ་དེ་དག་རྨོངས་དད་ཆེ་ཞིང་ཨ་གསར་ཆེ་བ། འགྱུར་སླ་བ། གཡམ་རྒྱུག་ཆེ་བ་སོགས་ལ་བརྟེན་ནས། ཁོང་ལ་བློ་བདེ་བག་ཕེབས་ཀྱི་དུས་ཚོད་སྐར་ཆ་ཙམ་ཡང་ཡོང་གིན་མེད་ལ་དོན་དངོས་ཐོག་ཆོས་ཚོགས་ཕན་ཚུན་དབར་འཐབ་རྩོད་ཆེ་བའི་འཇིག་རྟེན་འཁོར་བ་དངོས་མ་ཞིག་གི་ནང་དུ་ཡོངས་སུ་ཐིམ་ཚར་ཡོད།   དེས་སྟབས་ཀྱིས་ཁོང་གིས་རྒྱུན་དུ་མངོན་ཤེས་དང་། མོ་ལུང་། པྲ་རྩིས། བཀའ་བསྒོ། བགེགས་བསྐྲད། 
ཆོས་བཤད་སོགས་ཐ་ན་མངོན་ཤེས་བཤད་དགོས་ཐུག་ཀྱང་ངས་མི་ཤེས་ཟེར་མ་མྱངས་ལ་ལབ་ཀྱང་མི་ཆོག 
དེ་ལྟར་ལོ་ཤས་རྗེས་སུ་ཁོང་གི་ཚ་བོ་ཞིག་ཀྱང་ཆོས་ཚོགས་ནང་དུ་འཐེན་ནས་ཕ་ཤུལ་བུས་འཛིན་བྱ་རྩིས་ཀྱི་གྲ་སྒྲིག་ཨང་གསར་བྱས་ཏེ། ཉིན་གཅིག་ལ་སློབ་མ་ཚོར་ཆོས་འཆད་སྐབས་སྡིག་སྒྲིབ་བཤགས་ཚུལ་ཀྱི་སྐོར་གསུང་དུས་བླ་མས་འདི་ལྟར༼སྒྲིབ་པ་གསུམ་ཡོད་པ་སྟེ་ཕྱི་ཡི་སྒྲིབ་པ་དང་ནང་གི་སྒྲིབ་པ། བར་གྱི་སྒྲིས་པ་དང་གསུམ་རེད་༽
གསུངས་པ་དང་ཁོང་གི་ཚ་བོ་ཁ་སྐྱེངས་ཏེ་ཤུབ་བུའི་ངང་༼སྒྲིབ་པ་གསུམ་མ་རེད། གཉིས་རེད། དེ་གཉིས་དེ་ཤེས་བྱའི་སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་རེད་༽་ཅེས་ཞུས། བླ་མས་ལམ་སང་༼ཁ་ཟུང་། 
སྒྲིབ་པ་གསུམ་བཤད་ཚར་བ་རེད་། ད་དུང་གཉིས་བཤད་ན་ལྔ་ཆགས་འགྲོ་འདུག་༽ཅེས་གསུངས་ཏེ་བཀའ་ཆོས་མུ་མཐུད་དེ་བསྩལ་ཡོད་འདུག།      སྐྱབས་སུ་མཆི་རིན་པོ་ཆེ་ཁོང་ལ་ཨ་་་།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།